༢༠༡༧ ཟླ་ ༣ ཚེས་ ༣ རེས་གཟའ་པ་སངས།
༄༅། །རང་དབང་ཁང་ Freedom House པས་བཏོན་པའི་སྙན་ཐོ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ Xi Jinping སྐབས་རྒྱ་ནག་དང་བོད། ཡུ་གུར་སོགས་ཀྱི་ནང་པ་དང་ཡེ་ཤུ། ཁ་ཆེ། ཆོས་འཁོར་སྒོམ་སྒྲུབ་སོགས་ཀྱི་རྗེས་འབྲང་པ་རྣམས་ཀྱི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་ཕྱིན་ཡོད་སྐོར་སྙན་ཐོ་བཏོན་འདུག དེ་ཡང་ཉམས་ཞིབ་བྱེད་ཡུལ་ཆོས་ལུགས་བདུན་གྱི་རྗེས་འབྲང་པ་མི་གྲངས་ས་ཡ་ ༣༥༠ ཁྲོད་རྒྱ་རིགས་ནང་པ་དང་། ཏའོ་ཆོས་ལུགས། ཡེ་ཤུ་རྣམ་དག་དང་གསར་མ། ཁ་ཆེ། བོད་མི་ནང་པ། ཆོས་འཁོར་སྒོམ་སྒྲུབ་སོགས་ཚུད་འདུག མི་གྲངས་ས་ཡ་ ༣༥༠ ཁྲོད་ས་ཡ་ ༡༠༠ ཙམ་ལ་ཆོས་ལུགས་དམ་བསྒྲགས་ཚབས་ཆེ་དང་ཆེས་ཚབས་ཆེ་ཕོག་བཞིན་ཡོད་པ་དང་། གྲངས་ཐོ་དེའི་ནང་ཡེ་ཤུ་རྣམ་དག་དང་བོད་མི་ནང་པ། ཡུ་གུར་ཁ་ཆེ་བ། ཆོས་འཁོར་སྒོམ་སྒྲུབ་བཅས་ཚུད་འདུག
སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༡ ནང་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་གཞག་རྗེས་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་བར་བརྟེན། རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་གུང་གསེང་རིགས་ལ་དམ་བསྒྲགས་བཀག་བསྡོམས་བྱས་པ་མ་ཟད། ལྷ་ཁང་དང་མཆོད་ཁང་སོགས་ལ་བརྩི་བཀུར་མ་བྱས་པའི་ཁར་དྲག་གནོན་བྱས་པ་དང་། ཉེན་རྟོག་མི་སྣས་རྒྱལ་ཡོངས་སུ་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་རྣམས་དམ་བསྒྲགས་འོག་བཀག་ཉར་བྱས་ནས་མནར་གཅོད་དང་དམར་གསོད་བཏང་བ་སོགས་ཉིན་ལྟར་བྱས་ཡོད། ཆོས་པ་བྱེ་བྲག་པ་ཡིན་ནའང་འདྲ། ཆོས་ཚོགས་ཡིན་ནའང་འདྲ། གང་ལྟར་དམར་ཤོག་ཚོགས་པར་ཉེན་ཁ་ཡོད་པ་མཐོང་ཚེ་དྲག་གནོན་བྱེད་ཀྱང་བྱས་པ་དང་། གལ་ཏེ་དམར་ཤོག་ཚོགས་པར་ཁེ་ཕན་ཡོད་མཁན་ཞིག་དང་། ས་གནས་དཔོན་རིགས་ཀྱི་བློར་བབ་པ་ཞིག་ཡིན་ན་དེ་ཙམ་དམ་བསྒྲགས་མི་བྱས་པ་སོགས་སྙན་ཐོའི་ནང་གསལ་ཡོད།
ཡེ་ཤུའི་ཆོས་པ་ཚོར་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྐར་སྲུང་བརྩི་ཞུ་མ་བཅུག་པ་དང་། བོད་མི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་སྤེལ་ནས་ནང་པའི་ལྟ་གྲུབ་རྣམ་གཞག་ཡ་མ་ཟུང་དེ་འདྲ་བཙན་དབང་འོག་སློབ་སྦྱོང་བྱེད་བཅུག་པ་སོགས་དམ་བསྒྲགས་ཚབས་ཆེ་བྱེད་བཞིན་ཡོད་པ་དང་།
སྲིད་འཛིན་ཞིས་དེ་སྔའི་སྲིད་འཛིན་ཧུ་ཅིན་ཐའོ་སྐབས་ཀྱི་དམ་བསྒྲགས་སྲིད་བྱུས་རྒྱུན་སྐྱོང་འོག་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་རོགས་རམ་བྱེད་མཁན་བོད་མི་རྣམས་ལ་ཉེས་ཆད་གཏོང་རྒྱུ་དང་། བླ་སྤྲུལ་ཡང་སྲིད་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་བ། ནང་པའི་དུས་སྟོན་ཁག་སྲུང་བརྩི་ཞུ་རྒྱུར་དམ་བསྒྲགས་ཆེ་རུ་བཏང་བ་སོགས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་འཁོད་འདུག་པ་བཅས།།