༢༠༡༧ ཟླ་ ༣ ཚེས་ ༡༢ རེས་གཟའ་ཉི་མ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་བཞིན་བོད་ཀྱི་བུད་མེད་ཉིན་མོར་སྲུང་བརྩི་ཞུ་གཏན་འཁེལ་བ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ སྔ་དྲོ་ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐོག་མར་༸གོང་ས་མཆོག་དབུ་བཞུགས་ཐོག་ཆོ་འཁྲུལ་སྨོན་ལམ་ཆེན་མོའི་ཞོགས་ཚོགས་དང གསོ་སྦྱོང་ལེགས་པར་གྲུབ་མཚམས།
གསུང་རའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མི་རྗེ་ཁྲི་འཕང་ཐོན་པོར་༸ཞབས་སོར་མངོན་པར་འཁོད་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་སྒོ་རྣམ་པས་དབུས་ཨི་སི་ཊོ་ལི་དང་ཕ་རན་སི་བཅས་ནས་ཆེད་མངགས་མཛད་སྒོར་བཅར་བའི་གྲོས་ཚོགས་འཐུས་མི་སོགས་དང་། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཕྱི་ནང་དད་ལྡན་སེར་སྐྱ་མང་ཚོགས་རྒྱས་འཛོམས་ཐོག་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
ང་ཚོ་བཙན་བྱོལ་བ་ཆགས་ནས་བོད་མི་མང་པོ་ཞིག་ཡོད། སྔོན་ལ་དེ་ཚོའི་འཚོ་བའི་གནས་སྟངས་རེད། དེ་ནས་སློབ་སྦྱོང་དང་ཕུགས་རྒྱང་རིང་པོའི་གཞིས་ཆགས་ཀྱི་ལས་རིགས་མང་པོ་ཡོད་སྟབས་འདི་གའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དེ་ཡང་ངོས་ཀྱིས་འགོ་ཁྲིད་ནས་ཧ་ལམ་ལོ་ངོ་ ༦༠ ཙམ་ཞིག་བསྡད་པ་རེད།
ཕྱི་ལོ་ ༢༠༡༠ ལོ་ནས་མང་གཙོའི་འོས་བསྡུའི་ལམ་ནས་ཆབ་སྲིད་འགོ་ཁྲིད་བསླེབས། དེ་ནས་ཕྱི་ལོ་ ༢༠༡༡ ལོ་ནས་ངོས་ཀྱིས་རྒས་ཡོལ་ཆ་ཚང་ཕྱིན་པ་དེ་འདྲ་རེད། དེ་རྗེས་མང་གཙོའི་འོས་བསྡུའི་ཐོག་ནས་ཕེབས་པའི་སྲིད་སྐྱོང་བློ་བཟང་སེངྒེ་རེད། དེ་བཞིན་བཙན་བྱོལ་གྲོས་ཚོགས་ཀྱི་ཚོགས་གཙོ་ལུས་ལ་ཆོས་གོས། མགོ་ལ་ཁ་དཀྲིས་སྔོན་པོ་གྱོན་པ། ༼ཞལ་ཤོབ་མཛད༽ དེ་ནས་སྲི་ཞུའི་ལས་བྱེད་དང་། གཞན་ཡང་མཛད་སྒོའི་སྐུ་མགྲོན་དུ་ཆེད་མངགས་ཨོ་སི་ཊོ་ལི་ཡ་དང་ཕ་རན་སི་ནས་ཕེབས་ཡོད། ཁྱེད་རང་ཚོས་དངོས་གནས་བོད་ཀྱི་བདེན་དོན་འདི་ཧམ་པ་བཤད་པ་ལྟ་བུ་མིན་པར་། དངོས་གནས་དྲང་གནས་རྒྱུ་མཚན་དངོས་གནས་ལོ་རྒྱུས་ཀྱི་ཐོག་ནས་དུས་རབས་ ༧།༨།༩ སྐབས་ནས། རྒྱ་ཧོར་བོད་གསུམ། ཞེས་རང་བཙན་རྒྱལ་ཁབ་འདྲ་མཉམ་ཆགས་ཡོད།
རྒྱ་ཡི་ལོ་རྒྱུས་ཡིག་ཆའི་ནང་ཧ་ཅང་གསལ་པོ་རེད། འོན་ཀྱང་དེ་ནི་དེའི་ཚེ་དེའི་དུས་ཀྱི་གནས་སྟངས་རེད། ད་ལྟ་དངོས་ཡོད་གནས་སྟངས་ལ་རྒྱ་མིས་མུ་མཐུད་ནས་ཁ་བྲལ་བ་ཟེར་བཞིན་ཡོད་ཀྱང་དོན་ངོ་མ་འདི་ང་ཚོ་ཁ་བྲལ་ལ་འགྲོ་ཡི་མེད། ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་དང་ལྡན་པ་ཞིག་བྱུང་ན་མཉམ་དུ་སྡོད་རྒྱུ་ཡིན་བརྗོད་པ་མ་གཏོགས། ང་ཚོ་ཟུར་དུ་འགྲོ་རྒྱུ་ཡིན་བརྗོད་ཀྱི་མེད།
ང་ཚོའི་འཐབ་རྩོད་བྱེད་སྟངས་འདི་རྒྱུ་མཚན་དང་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་གི་ཐོག་ནས་འགྲོ་བཞིན་ཡོད་སྟབས་འཛམ་གླིང་འདིའི་ཐོག་ང་ཚོ་བོད་དོན་ལ་ཤ་ཚ་དང་བདེན་པའི་བདེན་རྒྱབ་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་རིང་འདིར་ཁྱེད་རྣམས་མཚོན་དོན་ལྟ་བུ་ཆགས་ཡོད། ཁ་སང་ནས་གནམ་གཤིས་ཧ་ཅང་གྲང་མོ་འདུག འོན་ཀྱང་དེ་རིང་ཉི་མ་ཧ་ཅང་ཡག་པོ་སྟོན་ནས་ཕྱོགས་མཐའ་ནས་ལྷགས་པའི་མི་ཚོར་གང་ལྟར་གནམ་གཤིས་ངོས་ནས་དགའ་བསུ་ཞུ་བ་ལྟ་བུ་འདུག
དེ་རིང་གྲང་ངར་ཏོག་ཙམ་ཡོད་པ་འདི་ནི་ཁ་སང་ཁེས་ཉིན་གནམ་གཤིས་ཧ་ཅང་གྲང་མོ་བསྟན་པར་བརྟེན་ཉི་མས་གླགས་མི་ཁེལ་བ་རེད། ༼ཞལ་ཤོབ་མཛད།༽ འོན་ཀྱང་ད་ལྟ་ད་ལྟའི་གནས་སྟངས་ལ་སྤྲིན་པ་མེད་པར་ཉི་མ་ཧ་ཅང་དྲོ་པོ་ཡག་པོ་གཅིག་སྟོན་གྱི་འདུག དེ་རིང་སྐྱ་སེར་ཕོ་མོ་ཧ་ཅང་མང་པོ་ཞིག་འདིར་འདུ་དགོས་པའི་དོན་དག་ནི་བོད་ཀྱི་བུད་མེད་ཉིན་མོ་ཟེར་བ། འཛམ་གླིང་འདིའི་སྒང་ལའང་བུད་མེད་ཀྱི་ཐོབ་ཐང་དགོས། ཕྱོགས་གཅིག་ནས་རང་དབང་། གཉིས་ནས་བུད་མེད་ཀྱི་ཐོབ་ཐང་དེ་འདྲའི་ཐོག་ལ་འཛམ་གླིང་གང་སར་དེ་འདྲའི་ལས་འགུལ་ཞིག་ཡོང་བཞིན་ཡོད་པ་མ་ཟད། དོ་སྣང་ཞིག་ཡོང་བཞིན་ཡོད། མདོར་ན་ཆོས་བརྒྱུད་ཁག་ཕྲན་བུ་སྐྱེས་པར་ཐོབ་ཐང་ཏོག་ཙམ་མང་བ་ཡོད་པ་ལྟ་བུ་དེ་ཚོའང་རིམ་བཞིན་དངོས་ཡོད་གནས་ཚུལ་དང་མཐུན་པའི་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་རྩོད་སྡོད་མཁན་དེ་འདྲ་ཡོང་བཞིན་འདུག
ང་རང་ཚོ་བོད་པ་སྤྱི་ཡོངས་ཀྱི་ཆ་ནས་ཕལ་ཆེར་བོད་ཀྱི་རིག་གཞུང་བརྩིས་པ་ཡིན་ན་སངས་རྒྱས་པའི་ཆོས་ཆགས་ཡོད། སངས་རྒྱས་པའི་ཆོས་ཀྱི་ནང་ནས་གང་ལྟར་ཕོ་མོ་འདྲ་ཙམ་དུ་མ་ཟད། སེམས་ཅན་ཐམས་ཅད། ཅེས་ང་ཚོས་བརྗོད་བཞིན་ཡོད། ཕྱོགས་མཚུངས་བུད་མེད་ཐོབ་ཐང་སྐོར་ལ་མཚོན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་སྣང་ཡོད། དགེ་སློང་ཕ་མ་གཉིས། གོང་དུ་ཚོགས་གཙོས་གསུངས་པ་ལྟར་འཁོར་རྣམ་བཞི་བརྗོད་སྐབས། དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་བཅས་ཡོད།
གང་ལྟར་འདྲ་མཉམ་གྱི་རྣམ་པ་ཤུགས་ཆེན་པོ་ཡོད། བོད་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་དགེ་སློང་མ་བསྒྲུབ་པར་མཁན་མོ་དགོས། མཁན་མོ་དེ་རྒྱ་གར་ནས་བོད་དུ་ཕེབས་མ་ཐུབ་པ་རེད། དེར་བརྟེན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་ཉེས་མེད་ཕུན་ཚོགས་ཤོད་དགོས་བྱུང་ན་ཏོག་ཙམ་དཀའ་ངལ་ཡོད། དེར་བརྟེན་ད་ལྟ་ང་ཚོས་དགེ་སློང་མ་བསྒྲུབ་རྒྱུ་ཏོག་ཙམ་དཀའ་ངལ་འཕྲད་བཞིན་ཡོད་པ་མ་གཏོགས། གཞན་སྤྱི་ཡོངས་ཆ་ནས་བཅོམ་ལྡན་འདས་ཕོ་མོ་འདྲ་མཉམ་གནང་བ་དེ་གསལ་པོ་རེད།
སངས་རྒྱས་པའི་ཆོས་ནང་རབ་བྱུང་ཕ་དེ་ཏོག་ཙམ་གོང་དུ་བརྩི་རྒྱུ་ལྟ་བུ། ཕྱོགས་མཚུངས་རྣམ་སྨིན་གྱི་ཡོན་ཏན་བརྒྱད་བརྩི་སྐབས། སྐྱེས་པ་ཡིན་པ། ཟེར་བ་ལྟ་བུ་དེ་འདྲའང་ཡོད། དེ་ཚོའི་གྲས་དེ་སྤྱི་ཚོགས་ནང་གི་གནས་སྟངས་སོགས་ཀྱི་ཐོག་ནས་ཤུགས་རྐྱེན་ཡོད་ས་རེད། གཉིས་ནས་སྐྱེས་པ་ཕོ་ལུས་ཞེས་ཤོད་རྒྱུ་འདི། སྐྱེས་པ་ཕོ་ལུས་སྟོབས་ཀྱི་ཆ་ནས་ཤུགས་ཆེ་བ་ཡོད་སྟབས་དེ་འདྲའི་ཆ་ནས་ཡོང་བཞིན་ཡོད་པ་ཕལ་ཆེར་རེད། དཔེར་ན་འཛིང་རེས་ཤིག་གཏོང་དགོས་ཀྱང་ཕོ་དེ་ཤུགས་ཆེ་བ་ཡོད། ཕྱོགས་གཞན་ནས་སེམས་པ་བཟང་པོ་བྱ་རྒྱུ་དེ་འདྲའི་ཐོག་ནས་སྐད་ཆ་ཤོད་སྐབས་ང་ཚོས་ནམ་རྒྱུན་ཁ་རྒྱུན་ལ། མ་རྒན་སེམས་ཅན་ཐམས་ཅད་ཟེར་བ་ལས་ཕ་རྒན་སེམས་ཅན་ཐམས་ཅད་བརྗོད་ཀྱི་མ་རེད། མ་རྒན་ཞེས་པའི་ཚིགས་དེ་སེམས་ནང་འཇུག་པོ་ཡོད།
བུད་མེད་ཀྱི་རྟེན་དེ་རང་བཞིན་ལུས་ཀྱི་གྲུབ་ཆའི་སྟེང་ནས་ཕྲུ་གུ་ཆུང་ཆུང་སྐབས་ནས་མངལ་ལ་ཉར་དེ་ནས་ནུ་ཞོས་བསྐྱངས་པ་སོགས་ཆོས་ཉིད་ཐོག་ནས་འགྲོ་བཞིན་འདུག དེར་བརྟེན་ཕུང་པའི་གྲུབ་ཆའི་སྟེང་ནས་བུད་མེད་ལ་བརྩེ་བ་ཤུགས་ཆེ་བ་ཕལ་ཆེར་ཡོད། ཚན་རིག་པ་ཉམས་ཞིབ་བྱེད་མཁན་ཚོས་ཀྱང་བུད་མེད་ལུས་ཀྱི་གྲུབ་ཆའི་སྟེང་ནས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བློ་སྐྱེ་རྒྱུ་དེའང་ཤུགས་ཆེ་བ་འདུག ཅེས་འདི་འདྲ་ཤོད་བཞིན་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་ནང་ནས་ཀྱང་རིམ་པ་མཐོ་རུ་འགྲོ་སྐབས་འདུལ་བ་དང་ཐེག་པ་ཐུན་མོང་བའི་སྐབས་ནས་བཤད་པ་ཡིན་ན་ཕལ་ཆེར་སྐྱེས་པ་ལ་གཙོ་བོ་བརྩིས་པ་ལྟ་བུ་ཞིག་ཡོད། དེ་འདྲའི་ཤུགས་རྐྱེན་ཞིག་ཡོད་པ་བྱས། དེ་འདྲའི་དགག་བྱ་ཞིག་ཡོད་པ་ཡིན་སྟབས་བྱང་སེམས་དང་ལྷག་པར་སྔགས་སྡོམ་ནང་བསླེབས་སྐབས་རྩ་གཏུང་བཅུ་བཞི་ཤོད་ཀྱི་ཡོད། བུད་མེད་ལ་སྨོད་ན་རྩ་གཏུང་ཡིན་གསུང་བ་རེད། གང་ལྟར་དེར་དམིགས་བསལ་དོ་སྣང་ཞིག་གནང་ཡོད། སྤྱི་ཡོངས་ཀྱི་འགྲོ་སྟངས་འདི་ཡག་པོ་རེད། ད་དུང་ཚོས་དེར་དོན་གཉེར་དང་དོ་སྣང་བྱེད་དགོས་པ་ཞིག་རེད།
ང་ཚོ་འདིར་ཏོག་ཙམ་གནམ་གཤིས་གྲང་བ་མ་གཏོགས་བསམ་བློའི་ནང་ལྷོད་ཤིག་གེར་སྡོད་རྒྱུ་ཞིག་ངང་སྡོད་བཞིན་ཡོད། འོན་ཀྱང་འཛམ་གླིང་འདིའི་ཐོག་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ང་ཚོ་དང་གཅིག་གྱུར་ཡིན་ཡང་ཨ་ཕི་རི་ཀའི་ནང་ལྟོས་དང་། མུ་གེས་འཆི་མཁན་དང་། དཀྱིལ་ཤར་ཡུལ་གྲུའི་ནང་གསོད་རེས་གང་འདྲ་གཏོང་བཞིན་འདུག འདི་འཆར་ཅན་ལྟ་བུར་བརྩི་ཤེས་ཐབས་མིན་འདུག མིས་མི་གསོད་ཟེར་བ་འདི་བློ་ཡུལ་ལས་འདས་པ་ལྟ་བུ། གཉིས་ནས་ཆོས་དད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་ཡག་དེ་ཚོ་བསམ་ཡུལ་ལས་འདས་པ་ཞིག་རེད། གང་ལྟར་འཛམ་གླིང་འདིའི་སྒང་གི་མིའི་ལྷན་སྐྱེས་རང་བཞིན་འདི་ཞེ་སྡང་དང་ཁོང་ཁྲོའི་རང་བཞིན་ཡིན་ན། དེ་ཙམ་བཟོ་བཅོས་བྱེད་ཐབས་མེད། འོན་ཀྱང་ཚན་རིག་པ་བྱིས་པ་ཆུང་ཆུང་སྐབས་ནས་བསམ་བློ་གཏོང་སྐབས་དང་གཤིས་ཀ་གང་འདྲ་ཡིན་མིན་ཉམས་ཞིབ་བྱས། ལུས་པོའི་འཕྲོད་བསྟེན་ཐོག་ལའང་བསམ་བློའི་འགྲོ་སྟངས་ཐོག་ནས་ཁྱད་པར་གང་འདྲ་ཡོང་མིན་ཞིབ་འཇུག་བྱེད་སྐབས་ཚན་རིག་པས་བསྡོམས་བརྒྱབ་སྐབས་མིའི་ལྷན་སྐྱེས་རང་བཞིན་འདི་བྱམས་བརྩེའི་རང་བཞིན་ཡིན་པ་བརྗོད་ཀྱི་འདུག དེར་བརྟེན་ད་ལྟ་རྙོག་ཁྲ་མང་པོ་ཡོང་བཞིན་པ་འདི་བྱམས་བརྩེའི་རང་བཞིན་དེ་མངོན་མ་ཐུབ་པ་བྱས། འཕྲལ་སེལ་གྱི་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་བསམ་བློ་གཏོང་བ་དང་། དངུལ་དང་གནོན་ཤུགས་དེ་འདྲའི་ཐོག་ལ་བསམ་བློ་རྐྱང་གཏོང་སྡོད་སྐབས་ཆགས་སྡང་བློ་གཉིས་ལ་གོ་སྐབས་ཐོབ་ཀྱི་ཡོད། སེམས་ཀྱི་བདེ་སྐྱིད། སེམས་ཀྱི་ཞི་བདེ་འདིའི་སྐབས་བསླེབས་སྐབས་ཆགས་སྡང་གཉིས་ལ་ལས་ཀ་མེད། དེ་གཉིས་ཀྱིས་གནོད་བསྐྱལ་བཞིན་ཡོད། བྱམས་བརྩེས་སེམས་ཀྱི་ཞི་བདེ་བཟོ་བཞིན་ཡོད། འདི་ཚན་རིག་པས་ཀྱང་བརྗོད་བཞིན་ཡོད། དངོས་ཡོད་གནས་ཚོད་ལ་ཇི་ཙམ་གྱིས་བྱམས་བརྩེ་ཤུགས་ཆེ་བ་ཡོད་པ་དེ་ཙམ་གྱིས་ལུས་པོའི་བདེ་ཐང་ཡག་པ་ཡོད། ཡང་ཡང་ཞེ་སྡང་ང་རྒྱལ་དང་ཕྲག་དོག་བྱེད་པ་ཡིན་ན་ལུས་པོར་གནོད་བཞིན་ཡོད། ཆོས་ཀྱི་སྐད་ཆ་དང་སྐྱེ་བ་ཕྱི་མའི་སྐད་ཆ་མ་རེད། ད་ལྟ་ད་ལྟ་ལུས་པོ་བདེ་ཐང་ཡོང་ཡག་དང་ཚེ་རིང་པོ་སྡོད་དགོས་འདུག་ན་སེམས་པ་བཟང་པོ་བྱེད་དགོས།
དེ་འདྲ་ཡིན་སྟབས་དེང་སྐབས་འཛམ་གླིང་ནང་ཞེ་སྡང་དང་འདོད་ཆགས་གཉིས་པོས་ཐོབ་ཐང་ཆ་ཚང་ལེན་ནས་རྙོག་གྲ་ཧ་ཅང་བཟོ་བཞིན་ཡོད། སྨན་བརྒྱབ་ནས་འཚེ་བ་ཉུང་དུ་གཏོང་རྒྱུ་དང་། རྒྱུ་ཅ་ལག་ཡར་རྒྱས་བཏང་ནས་ཞི་བདེ་ཉོ་ས་མེད། ཞི་བདེ་སོ་སོའི་སེམས་ནས་བཟོ་དགོས། སེམས་ནང་ཞི་བདེ་བཟོ་མཁན་དེ་བྱམས་བརྩེ་རེད། དེར་བརྟེན་ཆོས་དད་ཡོད་མཁན་མེད་མཁན་གང་ལྟར་འཛམ་གླིང་འདིའི་སྟེང་མི་འབོར་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་ཚང་མར་ཚན་རིག་རྒྱབ་རྟེན་བྱས་ནས་བྱམས་བརྩེ་ཡར་རྒྱས་གཏོང་ཐབས་བྱེད་དགོས། དེའི་ཐོག་ནས་ད་ལྟ་ང་ཚོས་དངོས་གནས་སེམས་སྐྱོ་དགོས་པའི་གནས་ཚུལ་དེ་དག་རིམ་བཞིན་སེལ་ཐུབ་པའི་རེ་བ་ཞིག་འདིའི་ཐོག་ནས་རྒྱག་རྒྱུ་འདུག་མ་གཏོགས་གཞན་སྨོན་ལམ་བརྒྱབ་ནས་བསྒྲུབ་རྒྱུ་མེད།
དེར་བརྟེན་ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། དུས་རབས་ ༢༠ འདི་དམག་འཁྲུག་གི་དུས་རབས་ཤིག་ཆགས་ཡོད། དུས་རབས་ ༢༡ འདི་ང་ཚོས་མུ་མཐུད་ནས་དམག་འཁྲུག་བརྒྱབ་སྡོད་ན་སུ་ལའང་བདེ་ཞིང་སྐྱིད་པ་མི་ཡོང་བ་ཙམ་དུ་མ་ཟད། ཁོར་ཡུག་དང་དཔལ་འབྱོར་ལའང་ཧ་ཅང་གནོད་བཞིན་ཡོད། ད་ལྟ་ཨ་ཕི་རི་ཀའི་ནང་མུ་གེས་འཆི་སྐྱོན་བྱུང་བ་རྣམས་ཆགས་སྡང་གི་བློས་དམངས་ཀྱི་བདེ་སྡུག་ལྷོད་ཡངས་བཏང་ནས་འགྲོ་བཞིན་ཡོད། མ་གཞི་གནམ་ཀྱི་ཆ་ཐན་པ་བཏང་བར་བརྟེན་ནས་དཀའ་ངལ་འཕྲད་པ་ཞིག་ཡིན། འོན་ཀྱང་བྱམས་བརྩེ་དང་སྤྱི་སེམས་ཞིག་འཁྱེར་ནས་ཞི་བའི་འཛུགས་སྐྲུན་གྱི་ལས་ཀ་བྱེད་ཚེ་ད་ལྟ་མུ་གེ་དེ་འདྲ་ཕལ་ཆེར་ཡོང་གི་མ་རེད། དེར་བརྟེན་ད་ཆ་ང་ཚོས་དུས་རབས་ ༢༡ འདི་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་བཟོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
འདིར་ཡོད་མཁན་དང་འདིར་དངོས་སུ་མེད་ཀྱང་བརྙན་འཕྲིན་བརྒྱུད་ནས་གཟིགས་གསན་གཟིགས་གནང་མཁན་མི་ཚང་མ་མི་འབོར་དུང་ཕྱུར་བདུན་བཅུ་དོན་གྲངས་ཡོད་པ་དེའི་ཆ་ཤས་ཤིག་ཡིན། དེར་བརྟེན་མི་རེ་ངོ་རེས་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གང་ཡོད་བྱེད་ཚེ་ཕན་ཐོགས་གང་ཙམ་ཡོང་ངེས། བོད་མིའི་གོམས་གཤིས་ནང་བྱམས་བརྩེ་ཕལ་ཆེར་ཡོད། འབུ་སྲིན་དང་སྲོག་ཆགས་རིགས་མི་གསོད་པའི་བསམ་བློ་ཞིག་ང་ཚོར་ཆུང་དུས་སྐབས་ནས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།