༢༠༡༧ ཟླ་ ༣ ཚེས་ ༡༡ རེས་གཟའ་སྤེན་པ།
༄༅། །བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན་སུད་སི་གྲོས་ཚོགས་འཐུས་མི་ ༢༤ ལྷག་གིས་བོད་ཀྱི་རྒྱལ་དར་ལག་ཏུ་བཟུང་ནས་བོད་མིར་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་འདུག སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་བོད་མི་མང་སྤྱི་འཐུས་བྱམས་པ་ཚེ་རིང་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚོགས་གཞོན། སུད་སི་དང་ལེག་ཊེག་སི་ཊེན་བོད་རིགས་ཚོགས་པའི་ཚོགས་གཙོ་སོགས་ཀྱང་ཕེབས་འདུག དེ་རྗེས་གྲོས་ཚོགས་ནང་ཚོགས་མི་རྣམས་ཀྱི་ཅོག་རྩེའི་ཐོག་བོད་ཀྱི་རྒྱལ་དར་ཆུང་བ་རེ་ཆེད་མངགས་བཞག་གནང་ནས་གསུམ་དུས་ཉིན་མོ་སྲུང་བརྩི་ཞུས་འདུག
ཐེངས་འདིར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མིར་རྒྱབ་སྐྱོར་གྱི་རྣམ་འགྱུར་མངོན་གསལ་བསྟན་པ་དེ་ནི་གཙོ་བོ་འདི་ལོའི་ཕྱི་ཟླ་ ༡ ནང་ཡུལ་དེར་རྒྱ་ནག་གཞུང་གི་རྒྱལ་དོན་འཚམས་གཟིགས་སུ་བསླེབས་པ་དེར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་ཞིག་མཚོན་པ་མ་ཟད། བོད་མི་ཚོས་གསུམ་བཅུའི་དུས་དྲན་ཉིན་མོ་དང་སྟབས་བསྟུན། རྒྱ་ནག་དམར་པོའི་དབང་སྒྱུར་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་ལ་ཡི་རང་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེ་གནང་བ་ཞིག་མཚོན།
ཕྱོགས་མཚུངས་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེན་ཇེ་ལོ་བྷ་རེ་ལི་ Angelo Barrile མཆོག་གིས་ཕྱི་ཚེས་ ༩ ཉིན་གྲོས་ཚོགས་ནང་བོད་དོན་གླེང་བ་མ་ཟད། སུད་སི་དང་རྒྱ་ནག་ཡུལ་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བགྲོ་གླེང་ཐེངས་ ༡༥ སྐབས་གནད་དོན་གང་གི་ཐོག་གོ་བསྡུར་བྱས་ཡོད་པ་གསལ་བཤད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་རེ་འདུན་གྱི་ཞུ་ཡིག་ནང་འཁོད་དོན།
༡༽བོད་མི་ཆབ་སྲིད་བཙོན་པ་བྱེ་བྲག་པ་སུའི་སྐོར་གོ་བསྡུར་བྱུང་ཡོད་མེད།
༢༽རྒྱ་ནག་གཞུང་གི་སྐུ་ཚབ་རྣམས་ལ་སུད་སི་བོད་རིགས་ཚོས་སྤྲད་པའི་ཞུ་གཏུག་ཡི་གེ་དེ་དག་སྐོར་གསལ་བཤད་གནང་ཡོད་མེད།
༣༽ གལ་ཏེ་ཡོད་ཚེ། སྐབས་དེར་རྒྱ་ནག་སྐུ་ཚབ་ཚོས་ལན་འདེབས་གང་འདྲ་བྱེད་མིན།
༤༽སུད་སི་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་རྒྱ་ནག་ཏུ་མགྱོགས་མྱུར་ཕེབས་རྒྱུར་གནོན་ཤུགས་སྤྲོད་རྒྱུའི་འཆར་གཞི་ཡོད་དམ།
ཞེས་འཁོད། སྤྱིར་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༦ ནས་ཟླ་ ༤ ཚེས་ ༣ བར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིས་བསྡུས་པའི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་སར་ཕེབས་གཏན་འཁེལ་འདུག སྐབས་དེར་ཁོང་རྣམ་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ལྷན་ཁང་ཁག་ལ་གཟིགས་སྐོར་གནང་རྒྱུ་དང་། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལག་བསྟར་ཇི་ལྟར་གནང་བཞིན་ཡོད་པ་རྣམས་ལ་རྒྱུས་ལོན་གནང་འཆར་ཡོད་པ་ཙམ་དུ་མ་ཟད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་གཅིག་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས། དེ་བཞིན་སློབ་གྲྭ་དང་གྲོས་ཚོགས་འཐུས་མི་བཅས་དང་མཇལ་འཕྲད་གནང་མཐར། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྗེས་ཕྱིར་རང་ཡུལ་ཕྱོགས་སུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།