ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༨ ཉིན་སུ་ཝེ་ཌེན་གྱི་རྒྱལ་ས་སི་ཊོག་ཧོམ་ Stockholm དུ་ཡོད་པའི་སུ་ཝེ་ཌེན་གྲོས་ཚོགས་གྱི་ཚོགས་ཁང་ནང་སུ་ཝེ་ཌེན་གྱི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Margareta Cederfelt (M) ལགས་དང་། ལྕམ་སྐུ་ Kerstin Lundgren (C) ལགས། སྐུ་ཞབས་ Carl Schlyter (MP) ལགས། ལྕམ་སྐུ་ Tina Acketoft (L) ལགས། ལྕམ་སྐུ་ Caroline Szyber (KD) ལགས་བཅས་ཀྱིས་སུ་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་འདུག
དེ་ཡང་སུ་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འབྱེད་མཛད་སྒོ་དང་ཚོགས་འདུ་ཐོག་མ་དེ་ཚོགས་སྐབས་སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Swedish Tibet Committee ཚོགས་མི་ Hanna Sahlman ལགས་དང་། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཞོན་འཇམ་དབྱངས་ཆོས་སྒྲོན་ལགས། སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་མི་བསྟན་འཛིན་བདེ་སྐྱིད་ལགས་བཅས་མཉམ་ཞུགས་གནང་འདུག
སྐབས་དེར་སུ་ཝེ་ཌེན་གྲོས་ཚོགས་འཐུས་མི་མར་གྷ་རེ་ཏ་ལགས་ཀྱིས་སུ་ཝེ་ཌེན་གྲོས་ཚོགས་ཀྱི་འཐུས་མི་མང་དག་ཅིག་གིས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་གི་ཡོད་པར་བརྟེན། གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག དེ་བཞིན་ཚོགས་འདུའི་ཐོག་རིང་མིན་ཁུལ་དེར་བོད་དོན་གོ་རྟོགས་སྤེལ་སླད་བོད་དང་འབྲེལ་བའི་ལྷན་ཚོགས་བསྐོང་ཚོགས་གནང་རྒྱུའི་ཐག་གཅོད་ཀྱང་གནང་འདུག
དེ་རྗེས་སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཞོན་གྱིས་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གི་ཚབ་ཞུས་ཏེ་གྲོས་ཚོགས་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞུས་འདུག
དེ་ཡང་ཚོགས་འདུ་གྲོལ་རྗེས་སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཞོན་ཆོས་སྒྲོན་ལགས་ཀྱིས་ཐེངས་འདིར་སུ་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་འབྲེལ་ལམ་གསར་མཐུད་ཐུབ་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་དང་། འབྱུང་འགྱུར་བོད་དོན་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད་སྐོར་གསུངས་འདུག །