༢༠༡༧ ཟླ་ ༣ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་རིང་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཅི་ལིའི་ཡུལ་གྱི་གྲོང་ཁྱེར་ཨ་རི་ཀའི་ Arica གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཇི་ར་ཌོ་ཨེས་པིན་ཌོ་ལ་ Gerardo Espindola Rojas མཆོག་དང་། གྲོང་སྡེའི་སྤྱི་ཁྱབ་པ་གཞོན་པ་སྐུ་ཞབས་ཝ་ལ་དོ་མི་རོ་སེ་ཝི་ཆི་ Vlado Mirosevic མཆོག་རྣམ་གཉིས་ཀྱིས་མགྲོན་འབོད་ལྟར་ཁུལ་དེར་ཆེད་ཕེབས་གནང་འདུག སྐབས་དེར་སྐུ་ཚབ་དོན་གཅོད་དང་ལྷན་ཅི་ལིའི་ཡུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Amigos del Tíbet – Chile ཚོགས་མི་སྐུ་ཞབས་ཕེར་ནན་ཌོ་ས་ལི་ནཱས་ Fernando Salinas ལགས་དང་། ཡ་ནི་སི་ཨེ་སི་པི་ནོ་ཛ་ Yenisei Espinoza ལགས་ཕེབས་འདུག
དེ་ཡང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་སྐུ་ཚབ་དོན་གཅོད་ཁུལ་དེར་ཕེབས་འབྱོར་སྐབས་གྲོང་སྡེའི་སྤྱི་ཁྱབ་པས་ཕེབས་བསུའི་སྣེ་ལེན་མཛད་སྒོ་ཞིག་ཚོགས་ཡོད། སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་དང་གྲོང་ཁྱེར་ནང་གི་གནད་ཡོད་མི་སྣ་སོགས་མཉམ་ཞུགས་གནང་ཡོད། དེ་རྗེས་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཁུལ་དེར་ཡོད་པའི་ Ignacio Carrera Pinto School ཞེས་པའི་སློབ་གྲྭར་མགྲོན་འབོད་ལྟར་ཆེད་ཕེབས་གནང་སྟེ། སློབ་གྲྭའི་སློབ་ཚན་ནང་རིས་མེད་བཟང་སྤྱོད་ཀྱི་སློབ་ཚན་གཏན་འབེབས་གནང་ནས་ལོ་གཅིག་འཁོར་བའི་དུས་དྲན་དང་འབྲེལ་རིས་མེད་བཟང་སྤྱོད་ཀྱི་སློབ་གསོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྔ་ཕྱི་རིམ་པའི་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་ལུང་འདྲེན་ཞུས་ནས་ལས་འཆར་དེར་བསྔགས་བརྗོད་རྒྱ་ཆེ་ཞུས་གནང་འདུག་པ་མ་ཟད། སློབ་མ་ཁག་གཅིག་གི་དྲི་བར་ལན་འདེབས་ཞིབ་ཕྲ་གནང་བར་བརྟེན་ཕན་ཐོགས་རྒྱ་ཆེ་བྱུང་འདུག སྐབས་དེར་ཤེས་ཡོན་སློབ་གསོའི་ཚོད་ལྟའི་བསྟི་གནས་ཁང་Center for Experimental Education གི་ངེས་སྟོན་པ་སྐུ་ཞབས་ཕེ་ལེག་སི་མི་ལ་ནི་སི་ལགས་ཀྱིས་སློབ་གྲྭའི་ནང་རིས་མེད་བཟང་སྤྱོད་དང་འབྲེལ་བའི་སློབ་ཚན་ད་ལྟ་ཚོད་ལྟའི་ཚུལ་དུ་བཞག་པ་ཞིག་ཡིན་སྐོར་བསྟི་གནས་ཁང་གི་ཚོད་ལྟའི་ལས་གཞིའི་སྐོར་ངོ་སྤྲོད་གནང་།
དེ་རྗེས་གྲོང་སྡེའི་སྤྱི་ཁྱབ་པ་གཞོན་པ་མཆོག་གིས་མགྲོན་འབོད་ལྟར་ཁོང་གི་ལས་ཁུངས་རྙིང་པ་ད་ལྟ་རིག་གཞུང་བསྟི་གནས་ཁང་ཞིག་ཏུ་བསྒྱུར་ཟིན་པ་དེར་ཕེབས་ཏེ། དེང་དུས་ཤེས་ཡོན་སློབ་ཚན་ནང་རིས་མེད་བཟང་སྤྱོད་ཀྱི་སློབ་གསོའི་ལས་འགུལ་ཐོག་ཟབ་སྦྱོང་ཐོབ་པའི་དགེ་རྒན་མི་གྲངས་ ༡༥ དང་ལྷན་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་། སྐབས་དེར་ཁོང་རྣམས་ཀྱིས་དེང་དུས་ཤེས་ཡོན་སློབ་ཚན་ནང་རིས་མེད་བཟང་སྤྱོད་ཀྱི་སློབ་གསོའི་ལས་འགུལ་ཐོག་གོ་བསྡུར་དང་བགྲོ་གླེང་ལྷུག་པོ་གནང་འདུག
དེ་ཉིན་གྱི་ཕྱི་དྲོ་སྐུ་ཚབ་དོན་གཅོད་ཀྱིས་ཁུལ་དེར་ཡོད་པའི་ཏ་ར་པ་ཅ་གཙུག་ལག་སློབ་གཉེར་ཁང་ Universidad de Tarapacá དུ་དེང་དུས་ཤེས་ཡོན་ལམ་ལུགས་ནང་རིས་མེད་བཟང་སྤྱོད་ཀྱི་སློབ་གསོའི་ལས་འགུལ་སྤེལ་རྒྱུ་དུས་ཀྱི་དགོས་མཁོ་ཞིག་ཆགས་ཚུལ་དང་། ལྷག་པར་ཅི་ལིའི་ཡུལ་དུ་དེང་དུས་ཤེས་ཡོན་སློབ་ཚན་ནང་རིས་མེད་བཟང་སྤྱོད་ཀྱི་སློབ་གསོའི་ལས་འགུལ་ཇི་ལྟར་སྤེལ་དགོས་པའི་ཚོད་ལྟའི་ལས་གཞིའི་སྐབས་ཉམས་མྱོང་ཇི་བྱུང་རྣམས་གཞན་ལ་བརྗེ་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། སྐབས་དེར་དགེ་རྒན་ ༡༠༠ མཉམ་ཞུགས་གནང་ཡོད། དེ་ནས་སྐུ་ཚབ་དོན་གཅོད་ཀྱིས་དེང་དུས་ཤེས་ཡོན་སློབ་ཚན་ནང་རིས་མེད་བཟང་སྤྱོད་ཀྱི་སློབ་གསོའི་ལས་འགུལ་ཐོག་ཟབ་སྦྱོང་ཐོབ་པའི་དགེ་རྒན་མི་གྲངས་ ༡༥ རྣམས་ལ་ལག་ཁྱེར་ཕུལ་བ་མ་ཟད། འབྱུང་འགྱུར་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་སླར་ཡང་དགེ་རྒན་ ༡༥ གསར་འདེམས་གནང་འདུག །