༢༠༡༧ ཟླ་ ༣ ཚེས་ ༣ རེས་གཟའ་པ་སངས།
༄༅། །ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཌར་སྦན་ Durban ནང་དུ་ལོ་ངོ་ ༢༠ གོང་ནས་བཙུགས་པའི་གཞུང་འབྲེལ་མིན་པའི་ཁེ་མེད་ཚོགས་པ། བོད་རིགས་མཐུན་ཚོགས། Tibetan Society of South Africa (TSSA) ཞེས་པའི་གོ་སྒྲིག་འོག་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༤ ནས་ ༢༦ བཅས་ཉིན་གྲངས་གསུམ་རིང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྲ་བརྟན་ཡོང་སླད་ཁུལ་དེའི་རྩོད་རྙོག་འདུམ་སྒྲིག་ཁང་ African Centre for the Constructive Resolution of Disputes ཞེས་པ་དེར་ཕེབས་པ་མ་ཟད། འདུམ་སྒྲིག་ཁང་དེའི་འགན་འཛིན་གཞོན་པ་སྐུ་ཞབས་ཇི་རོམ་ Jerome མཆོག་དང་མཇལ་འཕྲད་གནང་འདུག སྐབས་དེར་འདུམ་སྒྲིག་ཁང་ནས་དེ་སྔ་སློབ་ཡོན་ལས་གཞིའི་འོག་བོད་མི་གཞོན་སྐྱེས་ཁག་གཅིག་ལ་ཟབ་སྦྱོང་གི་གོ་སྐབས་གནང་ཡོད་སྐོར་སོགས་གོ་བསྡུར་གནང་།
དེ་རྗེས་གྷན་དྷི་ཡར་རྒྱས་ཐེབས་རྩ་ཁང་དུ་ཕེབས་ནས་མེས་པོ་དམ་པ་གྷན་དྷི་མཆོག་གི་ཚ་མོ་ཨེ་ལ་གྷན་དྷི་ Hon. Ela Gandhi མཆོག་དང་མཇལ་འཕྲད་གནང་རྗེས་ཚ་མོས་སྐུ་ཚབ་དོན་གཅོད་ཁོང་ཌར་སྦན་ནས་རྒྱང་ཐག་སྤྱི་ལེ་ ༤༠ ཙམ་གྱི་སར་ཆགས་པའི་མེས་པོ་དམ་པ་གྷན་དྷི་མཆོག་གི་དྲན་རྟེན་འགྲེམས་སྟོན་ཁང་དུ་ཁྲིད་ནས་སྣེ་ལེན་གཟབ་རྒྱས་ཞུས།
ཉིན་གཉིས་པའི་སྐབས་སྐུ་ཚབ་དོན་གཅོད་ཀྱིས་ཌར་སྦན་གྲོང་ཁྱེར་དུ་གོ་ལའི་ཐོག་མཐོ་སྒང་བོད་ཀྱི་གལ་གནད། Global Significance of Tibetan Plateau ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག སྐབས་དེར་ལྗང་ཁུ་ཚོགས་པ་དང་། རྒྱལ་སྤྱིའི་བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་པ་སོགས་ཚོགས་སྐྱིད་འདྲ་མིན་ནས་ཁྱོན་མི་གྲངས་ ༣༥ ལྷག་ཕེབས་འདུག
ཉིན་མཐའ་མའི་སྐབས་སྐུ་ཚབ་དོན་གཅོད་ནས་ལྷོ་ཨ་ཕི་རི་ཀའི་བོད་རིགས་མཐུན་ཚོགས། ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་དང་ཐུག་འཕྲད་གནང་ནས་ཁོང་རྣམ་པས་ད་བར་བོད་དོན་ལ་ལྷག་བསམ་རྣམ་དག་ཐོག་ནས་ལོ་མང་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཡི་རང་བསྔགས་བརྗོད་ཀྱང་གནང་འདུག དེ་རྗེས་བོད་པའི་བུད་མེད་ཀྱི་ངག་བཅད་གྱེན་ལངས། Silence Revolution ཞེས་པའི་གློག་བརྙན་བསྟན་འདུག །