༢༠༡༧ ཟླ་ ༣ ཚེས་ ༡༢ རེས་གཟའ་ཉི་མ།
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ འཚོགས་བཞིན་པའི་སྐབས་དེར་ཟུར་ཚོགས་ལྷན་ཚོགས་ཤིག་ཐོག རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཞེས་པའི་རྒྱལ་ཚོགས་ལས་རིམ་དེ་གོ་སྐབས་བཟུང་ནས། ངག་དབང་ཆོས་འཕེལ་ལགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཕྱི་ལོ་ ༢༠༡༦ ཞེས་བརྙན་འཕྲིན་དང་པར་རིས་སོགས་ཀྱི་ལམ་ནས་ལས་རིམ་གསལ་བཤད་གནང་འདུག
སྐབས་དེར་ལས་རིམ་མཇུག་སྒྲིལ་མཚམས་རྒྱལ་ཚོགས་སུ་ཡོད་པའི་རྒྱ་རིགས་བུད་མེད་གཞུང་ཚབ་ལས་བྱེད་གཅིག་གིས་རྒྱལ་ཚོགས་བདེ་འཇགས་ལས་ཁུངས་ཀྱི་མི་སྣ་གཅིག་འཁྲིད་ནས་བརྙན་འཕྲིན་དང་པར་རིས་སོགས་བཙན་འཕྲོག་བྱེད་དགོས་པའི་བཀོད་མངགས་བཏང་ཡང་བདེ་འཇགས་ལས་བྱེད་པ་དེས་ལས་རིམ་གཙོ་སྐྱོང་བས་རང་མོས་ལྟར་དུས་ཚོད་སྟངས་འཛིན་གནང་ཆོག་གི་ཡོད་པ་སོགས་གསལ་བཤད་གནང་མཐར་རྒྱ་རིགས་ལས་བྱེད་པ་དེ་ཅི་བྱ་གཏོལ་མེད་ངང་ཁ་སྐྱེངས་ཏེ་ལོག་ཕྱིན།
དེ་ཡང་ངག་དབང་ཆོས་འཕེལ་ལགས་ལ་གོ་སྐབས་དེ་འདྲ་ཐོབ་པ་ནི་གཙོ་བོ། འཇར་མན་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ། འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ཚོགས་པ་ Society for Threatened Peoples ཞེས་པ་དེ་ཡིན་ཞིང་། ཚོགས་པ་དེར་ཇི་ནི་ཝར་རྟེན་གཞི་བྱས་པའི་སུད་སི་སྐུ་ཚབ་དོན་ཁང་གི་རེ་འདུན་གནང་ཡོད་སྟབས། ཐེངས་འདིར་སླར་ཡང་རྒྱལ་ཚོགས་ཀྱི་ཟུར་ཉན་ལྷན་ཚོགས་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུའི་གོ་སྐབས་ཐོབ་པ་བྱུང་འདུག
སྤྱིར་ཟུར་ཚོགས་སྐབས་སྦེར་སེལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཝིན་སེན་མི་ཊེན་ Mr. Vincent Metten ལགས་དང་འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཀ་ཡི་མུལ་ལར་ Mr. Kai Müller ལགས་གཉིས་ཀྱིས་ལས་རིན་ངོ་སྤྲོད་གནང་རྒྱུ་ཡིན་ནའང་སྐུ་ཞབས་མུ་ལར་ལགས་གནམ་གྲུ་དུས་ཐོག་མ་འབྱོར་རྐྱེན་ཚོགས་ཞུགས་མ་ཐུབ།
དེ་ཡང་ངག་དབང་ཆོས་འཕེལ་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་སྐབས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ སྐོར་དང་། གསུམ་བཅུའི་དུས་དྲན་དེ་བོད་མིའི་ལོ་རྒྱུས་ཁྲོད་གལ་གནད་ཇི་ཙམ་ཆེན་པོ་ཡིན་སྐོར་ངོ་སྤྲོད་གནང་བ་མ་ཟད། ངོ་སྤྲོད་ཀྱི་ལས་རིམ་གྲུབ་མཚམས་ཉེ་ལམ་ཨ་རིའི་རྒོད་བྲོའི་གཏམ་གླེང་བ་སྐུ་ཞབས་ཇོན་ཨི་ལི་ཝར་ Mr. John Oliver ལགས་ཀྱིས་༸གོང་ས་མཆོག་ལ་བཅར་འདྲིའི་ལས་རིམ་གྱི་བརྙན་འཕྲིན་ཚན་པ་དེ་སྐབས་དེར་བསྟན་འདུག
གཞན་ཡང་སྐབས་དེར་སྐུ་ཞབས་མི་ཊེ་ལགས་ཀྱིས་ཡུ་རོབ་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་སྐོར་སྤྱི་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ཉེ་ལམ་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་སྐོར་གྱི་བརྙན་འཕྲིན་ཐུང་ངུ་ཞིག་ཕྱོགས་སྒྲིག་གནང་བ་དེ་བསྟན་འདུག
ལས་རིམ་ངོ་སྤྲོད་སྐབས་དེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏན་འཇག་ལས་བྱེད་གཉིས་དང་རྒྱལ་ཚོགས་ཀྱི་ལས་བྱེད་གཞན། དེ་བཞིན་གཞུང་འབྲེལ་མིན་པའི་སྐུ་ཚབ་འཐུས་མི་བཅས་ཕེབས་འདུག །