༢༠༡༧ ཟླ་ ༣ ཚེས་་༢༥ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༤ ཉིན་ཏ་མིལ་ན་དུའི་རྒྱལ་ས་ཅེན་ནའི་ནང་རྟེན་གཞི་བྱས་པའི་མ་ད་ར་སི་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ། མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་བཅས་ཚོགས་པ་བཞིའི་གོ་སྒྲིག་འོག Thank You India ཞེས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་དབུ་འཛུགས་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམས་ནས་སྣང་གསལ་ཞལ་ཕྱེ་དང་སྦྲགས། རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་སྨོན་ལམ་གསུང་འདོན་གནང་བ་མ་ཟད། བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད།
དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བྷེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་སྤྱི་ཟུར་བུ་མོ་ཚེ་རིང་ལགས་དང་། ཅེན་ནའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁེལ་ཧ་བྷར་ཌེ་ Michael Hubert ལགས། མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོོན། མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་གི་སློབ་དཔོན་འབུམ་རམས་པ་སྐུ་ཞབས་ར་མུ་མ་ནི་ལྦན་ Ramu Manivannan ལགས། ལོ་མང་རིང་བོད་ཀྱི་རྩ་དོན་ཆེད་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཨ་ཤཱ་རེ་ཌི་Aasha Reddy ལགས། དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་བཅས་དབུ་བཞུགས་ཐོག
ཐོག་མར་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་གི་སློབ་དཔོན་སྐུ་ཞབས་ར་མུ་མ་ནི་ལྦན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་མཐུན་འགྱུར་རོགས་རམ་ཇི་དགོས་མ་དི་ར་སིའི་གཙུག་ལག་སློབ་ཁང་གིས་གནང་རྒྱུའི་གྲ་སྒྲིག་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བསྟུན། མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མཆོག་གིས་འཛམ་གླིང་འདིའི་སྟེང་སྟོན་པ་བཅོམ་ལྡན་འདས་ནི་སྟོན་པ་གཞན་ལས་ཁྱད་དུ་འཕགས་ཚུལ་དང་། ལྷག་པར་སྟོན་པས་གསུངས་པའི་དམ་ཆོས་ནི་རྩ་ཆེ་ཞིང་འགྲོ་བ་སེམས་ཅན་མང་པོར་ཕན་ཐོགས་ཧ་ཅང་ཡོད་པ། དེ་བཞིན་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ཐུན་མིན་རིག་གཞུང་དེ་དག་འཛམ་གླིང་འདིའི་སྟེང་བཟང་སྤྱོད་གོང་མཐོར་གཏོང་རྒྱུར་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས།
མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སློབ་དཔོན་སྐུ་ཞབས་ར་མུ་མ་ནི་ལྦན་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་ང་རང་སྒེར་ལ་མཚོན་ན་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་སྐྱེས་བྱུང་། དེ་ཡང་སྐྱོ་དགོས་པ་ནི། རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་བོད་མི་རྣམས་བཙན་བྱོལ་ལ་གྱར་དགོས་པའི་གནས་སྟངས་ཤིག་ཆགས་ཡོད།
འོན་ཀྱང་དགའ་འོས་པ་ཞིག་ལ། རང་ཉིད་ལོ་ངོ་ཉི་ཤུ་ལྷག་རིང་བོད་མི་རྣམས་དང་འབྲེལ་བ་ཧ་ཅང་ཟབ་མོ་ཞིག་འཛུགས་ཐུབ་པ་བྱུང་། བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་དཀའ་ངལ་དུ་མ་ཞིག་འཕྲད་ཡོད་ཀྱང་ད་དུང་སྙིང་སྟོབས་མ་ཞུམ་པར་དཀའ་ལས་བརྒྱབ་པའི་འབྲས་བུར་ད་ཆ་བཙན་བྱོལ་བའི་གནས་སྟངས་ཐོག་ནས་བལྟ་སྐབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་སྒྲིག་འཛུགས་ཧྲ་ཐག་ཐག་གཅིག་ཆགས་ཐུབ་པ་བྱུང་ཡོད། འཕགས་བོད་གཉིས་དབར་གནའ་རབས་ལོ་རྒྱུས་ཐོག་ནས་པཎ་གྲུབ་དང་ལོ་རྩ་བ། དེ་བཞིན་མཁན་པོ་སོགས་གདན་ཞུ་གནང་ནས་ཡུལ་གཉིས་དབར་ཆོས་དང་རིག་གཞུང་གི་འབྲེལ་ལམ་གཏིང་ཟབ་གཅིག་བཙུགས་པ་དེ་དུས་ད་ལྟའང་རྒྱུན་སྐྱོང་བྱེད་བཞིན་ཡོད། འོན་ཀྱང་ད་ཆ་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་མ་ཟད། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་བོད་ཟེར་བ་འདི་འཛམ་གླིང་ས་ཁྲའི་སྟེང་ནས་ཧ་ལམ་ནག་སུབ་བཏང་བའི་གནས་སྟངས་ཧ་ཅང་ཛ་དྲག་ངང་ལྷུང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཕགས་བོད་འབྲེལ་མཐུད་ལས་ཁང་གི་དམིགས་ཡུལ་དང་ངོ་སྤྲོད། དེ་བཞིན་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་གྱི་བྱུང་རིམ་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོས་རང་ཉིད་སྒེར་གྱི་མི་ཚེའི་ལོ་རྒྱུས་ལ་དཔེ་མཚོན་སྦྱར་ནས་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། རྒྱ་གར་སྲིད་བློན་ནེ་རུ་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་བསྡུར་ཐེངས་མང་མཛད་པའི་གྲུབ་འབྲས་སུ་བོད་ཀྱི་ཆོས་དང་རིག་གཞུང་དེ་བཞིན་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་ཡོང་སླད་རྒྱ་གར་ནང་གི་བོད་མི་གནས་སྡོད་གཞིས་ཆགས་ཁག་ཏུ་བོད་མིའི་སློབ་གྲྭ་ཟུར་འཛུགས་མཛད་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བསྟུན།
ལོ་མང་རིང་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཨ་ཤཱ་ལགས་ཀྱིས། དེ་རིང་རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཐོག་མཉམ་ཞུགས་ཐུབ་པར་ང་རང་སྒེར་ལ་མཚོན་ན། དགའ་ཚོར་ཧ་ཅང་བྱུང་། དེ་རིང་གི་ལས་འགུལ་འདིས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་མི་རྣམས་ལ་རེ་བའི་བརྡ་ལན་ཤུགས་ཆེ་ཞིག་སྦྱིན་ཡོད།
མགྱོགས་མྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་༸ཞབས་སོར་འཁོད་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཞན་རྣམས་ཀྱིས་གསུང་བཤད་གནང་བསྟུན། མ་དི་ར་སི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་རྗེས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་ཐེངས་བཞི་པ་དབུ་འབྱེད་མཛད་སྒོ་ལེགས་གྲུབ་བྱུང་འདུག
ཐེངས་འདིར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་དཔེ་དེབ་ཁག་གཅིག་རིན་མེད་འགྲེམས་སྤེལ་གནང་བ་མ་ཟད། འཕགས་བོད་འབྲེལ་ལམ་དང་༸གོང་ས་མཆོག་གི་མཛད་རྣམ་བཅས་པར་རིས་ཁག་གཉིས་འགྲེམས་སྟོན་གནང་བ་དང་། ཕྱོགས་མཚུངས་བོད་ཀྱི་སྨན་རྩིས་ཁང་གི་འགྲེམས་སྟོན་བཅས་ལ་རྒྱ་གར་ས་གནས་ཡུལ་མི་དང་སྐུ་མགྲོན། སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འགའ་ཤས་ཀྱིས་དོ་སྣང་རྒྱ་ཆེ་གནང་ཡོད་པ་བཅས།།