༢༠༡༧ ཟླ་ ༣ ཚེས་ ༧ རེས་གཟའ་མིག་དམར།
༄༅། །རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ར་བྷི་རེ་ Shri Rabi Ray མཆོག་ཁ་སང་ཕྱེད་ཡོལ་ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གདུང་སེམས་མཉམ་སྐྱེ་དང་སྦྲགས་མྱ་ངན་གུས་འདུད་ཞུས་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་དམ་པ་ཁོང་གི་སྐུ་ཟླར་ཕུལ་བའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་ར་བྷི་རེ་ Shri Rabi Ray མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། དམ་པ་ཁོང་འདས་གྲོངས་སུ་གྱུར་བ་དེ་རྒྱ་གར་ཙམ་མ་ཟད་བོད་ལའང་གྱོང་གུད་ཧ་ཅང་ཆེན་པོ་ཕོག་པ་རེད། དམ་པ་ཁོང་ནི་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐེངས་མང་མཇལ་འཕྲད་ཞུ་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆར་ཌི་སྒེར་མཆོག་གིས་སྐུ་ཞབས་ར་བྷི་རེ་དམ་པ་ཁོང་ལ་༸གོང་ས་མཆོག་དབུ་བཞུགས་ཐོག་བདེན་པའི་འོད་སྣང་གི་གཟེངས་རྟགས་འབུལ་ལམ་ཞུས་ཡོད།
གཞན་ཡང་ཕྱི་ལོ་ ༡༩༩༤ ལོར་རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་སྐབས། དམ་པ་ཁོང་སྐབས་དེར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལས་རོགས་ཡིན་སྟབས། ལྷན་ཚོགས་གོ་སྒྲིག་སོགས་ལས་དོན་སྣ་མང་ཐོག་འགན་ཁུར་རྐང་བཞེས་གནང་མཁན་གཙོ་བོའི་གྲས་ཤིག་ཆགས་ཡོད། ང་རང་སྒེར་ལ་མཚོན་ན་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་ཐེངས་འགའ་ཤས་མཇལ་མྱོང་ཡོད་པ་ཙམ་དུ་མ་ཟད། བོད་དོན་ལས་འགུལ་སྤེལ་མཁན་ཞིག་གི་ཕྱག་ལས་གནང་སྟངས་མཇལ་སྐབས་སེམས་འགུལ་ཐེབས་པ་ཞིག་བྱུང་། དམ་པ་ཁོང་ནི་སྐུ་ཞབས་ཇོར་ཇི་ཕར་ནན་ཌ་སི་ George Fernandes མཆོག་ལྟ་བུ་ཡུན་རིང་ནས་སྐུ་ཚེ་ཧྲིལ་པོའི་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་གར་དབུ་ཁྲིད་ཅིག་ཆགས་ཡོད།
དེ་ཡང་གཟེངས་སུ་ཐོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དབུ་ཁྲིད་སྐུ་ཞབས་ར་བྷི་རེ་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་མཚོན་ན། ལས་དོན་འདྲ་མིན་ཐོག་བྱས་རྗེས་སྨད་དུ་བྱུང་བ་བཞག་གནང་ཡོད་པ་ཙམ་དུ་མ་ཟད། རྒྱ་གར་གྲོས་ཚོགས་འཐུས་མིའི་ཁོང་ནས་སྨྲ་བ་ཧ་ཅང་མཁས་པའི་དབུ་ཁྲིད་ཞིག་ལ་ཀུན་གྱིས་ངོས་འཛིན་ཞུ་བཞིན་ཡོད། དམ་པ་ཁོང་སྐུ་ཚེའི་འཕེན་པ་མ་རྫོགས་བར་རང་གི་སྐུ་ཟླས་གཟིགས་རྟོགས་གནང་ཡོད་པ་བཅས།།