ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་བཀའ་འབྲེལ་ལྟར། བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་རྣམ་པ་ས་བགོས་ལྟར་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འདི་ལོའི་ཕྱི་ཟླ་གསུམ་པའི་ཟླ་མཇུག་ནས་ཕྱི་ཟླ་ལྔ་པའི་ཟླ་མཇུག་བར་འཚམས་གཟིགས་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་གཞིར་བཟུང་བོད་མིའི་ངོ་བོ་དང་གཅིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་ཐབས་དང་། བཀའ་ཤག་ནས་བོད་མིའི་བདེ་དོན་དང་། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར་བཅས་གོང་མཐོར་གཏོང་ཐབས་སོགས་ཀྱི་ལས་འཆར་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་འདུག
དེ་ཡང་མང་ཚོགས་ལ་ངོ་སྤྲོད་གནང་རྒྱུའི་གནད་དོན་ཁག་གཤམ་གསལ།
དོན་ཚན་དང་པོ། བཀའ་ཤག་གི་ལྔ་དང་ལྔ་བཅུའི་ལས་འཆར་ཁོངས། ༸རྒྱལ་བའི་སྐུ་ཕྱྭའི་སྐོར་དང་། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ། འགོ་ཁྲིད་སྐྱེད་སྲིང་གི་གལ་ཆེའི་ཟབ་སྦྱོང་། སྒྲིག་འཛུགས་ཚགས་ཚུད་ཡོང་ཐབས་ཀྱི་ལས་གཞི། གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ཀྱི་ལས་གཞི། ཤེས་ཡོན་གྱི་གལ་གནད་དང་དགོས་དམིགས། ཤེས་ཡོན་སྲིད་བྱུས་དང་མཐོ་རིམ་སློབ་ཡོན་སྐོར། ནད་རིགས་སྔོན་འགོག མི་འབོར་འཕེལ་རྒྱས་གཏོང་ཐབས་སྐོར་གྱི་སྲིད་བྱུས་ལམ་སྟོན་སྐོར་དང་། དང་སློབ་ཏུ་གཏོང་རྒྱུ་གལ་འགངས་སྐོར་སོགས་ཡིན།
དོན་ཚན་གཉིས་པ། དབུ་མའི་ལམ་གྱི་སྲིད་བྱུས།
བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་དང་། གཞི་རིམ་མང་ཚོགས་ཁྲོད་གོ་རྟོགས་སྔར་ལྷག་སྤེལ་རྒྱུ།
དོན་ཚན་གསུམ་པ། ཕྱི་ལོ་ ༢༠༡༧།༡༨ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས།
བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་གཞི་དང་ལས་འཆར་ཁག་གི་ཆེད་རྩིས་ལོ་༢༠༡༧།༡༨ ནང་ས་ཡ་ཉིས་སྟོང་བཞི་བརྒྱ་སུམ་ཅུ་སོ་བཞི་དང་དྲུག་འབུམ་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་བཞི་བཅུ་ཞེ་བདུན་སྔོན་རྩིས་བཀའ་འཁྲོལ་ཐོབ་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་དང་འབྲེལ་བའི་གནད་དོན་སྐོར་ངོ་སྤྲོད་གནང་རྒྱུ།
དོན་ཚན་བཞི་པ། ཨ་རིའི་(USAID) རོགས་དངུལ་དང་དཔལ་འབྱོར་མ་དངུལ་ཁོངས་ནས་བོད་མི་སུད་ཚོང་བ་ཁྱོན་མི་གྲངས་ ༡༠༠༠ ལ་བུན་གཡར་གནང་གཏན་འཁེལ་བ།
དངུལ་སྐྱེད་དང་བུན་གཡར་གཏོང་ཕྱོགས་སྐོར་ཞིབ་ཕྲ་དཔལ་འབྱོར་ལས་ཁུངས་ནས་རིང་མིན་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་དང་། རྗེས་ལོར་ཞིང་པ་དང་ཚོང་ལས་ཙག་ཙིག་གཉེར་མཁན་ཆེད་བུན་གཡར་གནང་རྒྱུའི་ལས་འཆར་སྐོར་ངོ་སྤྲོད་གནང་རྒྱུ།
དོན་ཚན་ལྔ་པ། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས།
བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས་ཀྱི་བྱུང་རིམ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ ཉིན་བཀའ་ཤག་གིས་གསུམ་པའི་བཅུ་གཉིས་ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་ཡོད་སྐོར་ངོ་སྤྲོད།
དོན་ཚན་དྲུག་པ། མང་ཚོགས་ཁྲོད་བོད་མི་མང་སྤྱི་འཐུས་སྐབས་ ༡༦ གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དང་འབྲེལ་བའི་སྐོར།
ཐོག་མར་བསྐྱར་བཅོས་ཁྲིམས་འཆར་དེ་ལྟར་གྲོས་ཚོགས་སུ་སླེབས་སྟངས་དང་འཆར་འབུལ་ཚོགས་ཆུང་འཛུགས་སྟངས། འབྲེལ་ཡོད་འོས་བསྡུ་ལས་ཁང་དང་བཀའ་ཤག་གི་དགོངས་ཚུལ་སོགས་ངོ་སྤྲོད་གནང་རྒྱུ།
དོན་ཚན་བདུན་པ། ཕྱི་ལོ་ ༢༠༡༧ ལས་འགུལ་གྱི་ལོ་དང་། ཕྱི་ལོ་ ༢༠༡༨ བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུ།
བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ལོར་ལས་འགུལ་གྱི་ལོ་དང་། ཕྱི་ལོ་ ༢༠༡༨ ལོར་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུའི་རྒྱུ་མཚན་དང་ལས་རིམ་ཁག་ངོ་སྤྲོད་གནང་རྒྱུ་ཡིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། བྷན་ད་ར་ནོར་རྒྱས་གླིང་། མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་དུ་འཚམས་གཟིགས་ཕེབས་རྒྱུ་དང་།
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་དང་། ཧི་མཱ་ཅལ་མངའ་སྡེའི་ནང་ཡོད་པའི་ས་ཊོན་ཁམས་ཀ་ཐོག་དང་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་རྒྱུ།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་སྒང་ཏོག་དང་། ཀ་སྦུག ར་ཝང་ལ་ཀུན་ཕན་གླིང་། རྡོར་གླིང་། སུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་རྒྱུ།
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་མིའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་། བསྟན་སྒང་། འབུམ་ལ། ཀྲུ་ཀྲིང་། ཨ་རུ་ནཱ་ཅལ་བཅས་ཀྱི་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་རྒྱུ།
བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ཧི་མཱ་ཅལ་མངའ་ཁོངས་སུ་ཡོད་པའི་ཀམ་རའོ་དང་། ས་ཊོན། སྤན་ཊ་ཆོལ་གསུམ། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། དེ་བཞིན་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་ཡོད་པའི་ཧ་སྤུར་དང་། མ་སུ་རི། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཕེབས་རྒྱུ།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དང་ཕྱུག་མཆོག་སླེ་ལ་དྭགས་དང་། བྱང་ཐང་ཁུལ། ཤྲི་ནཱ་གར། མ་ན་ལི་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཕེབས་རྒྱུ་ཡིན་འདུག །