༢༠༡༧ ཟླ་ ༣ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༦ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༣ ཚེས་ ༥ ཉིན་ཐེ་ཝན་དུ་གནས་སྡོད་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་བ་རེད། བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་དོན། ༡༩༥༩ ལོར་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་ལོ་ ༥༨ འཁོར་ལ་ཉེ་བའི་དུས་དྲན་དང་། དེ་བཞིན་ ༡༩༨༨ ཕྱི་ཟླ་ ༣ ཚེས་ ༥ ཉིན་དང་། ༡༩༨༩ ཕྱི་ཟླ་ ༣ ཚེས་ ༥ ནས་ཚེས་ ༧ བར་ཉིན་བསྟུད་མར་བོད་ཀྱི་རྒྱ་ས་ལྷ་སར་བོད་མི་གཞོན་སྐྱེས་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བའི་དུས་ཚོད་ཅིག་ཡིན་པས། ཐེ་ཝན་དུ་ཡོད་པའི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་མི་མང་གིས་ཤེས་རྟོགས་ཆེད་ལས་འགུལ་སྤེལ་བ་ཡིན་གསུངས། དེ་རྗེས་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་གཡུས་མེ་ཉུལ་ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ལིན་གྲང་ཛའོ་ལགས། གྲོས་ཚོགས་འཐུས་མི་ལྕམ་གུ་ལཱ་སི་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་ཡུལ་ཅན་དུ་སྒྱུར་བཞིན་པ་དང་། བོད་ཀྱི་ཆོས་དང་སྐད་ཡིག་སྲུང་སྐྱོབ་ཆེད་ཐེ་ཝན་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར། རྒྱ་ནག་གཞུང་གི་བཅའ་ཁྲིམས་ནང་གཏན་འབེབས་ཡོད་པའི་དོན་ཚན་ཁག་བོད་མིས་དོན་འཁྱོལ་ཡོང་བ་བྱེད་ཐབས་ལ་ཞི་དྲག་གཉིས་ཐོག་ནས་གནོན་ཤུགས་བྱེད་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་།
ཕྱི་དྲོ་ཆུ་ཚོད་ ༢ པའི་ཐོག་རྔམ་སྟོན་ཁྲོམ་སྐོར་འགོ་འཛུགས་གནང་བ་དང་། གཞུང་ལམ་ཐོག་སྐད་གསང་མཐོན་པོས་འབོད་ཚིག་སྒྲོག་པ་མ་ཟད། ཐེ་ཝན་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ནས་གཏམ་བཤད་སྤེལ། ཕྱི་དྲོ་ཆུ་ཚོད་ ༣ དང་སྐར་མ་ ༡༠ ཐོག་གཞུང་ལམ་ཐོག་བོད་མི་ཁག་གཅིག་གིས་སྐུ་ཕྱག་ཕུལ་ནས་རྒྱ་ནག་གཞུང་གིས་བོད་གསེར་རྟ་ཆོས་སྒར་གཏོར་བཤིག་དང་དགོན་པ་ཁག་ལ་དམ་འཛིན་བྱས་པར་ངོ་རྒོལ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་པ་མཚོན་པར་བྱས། མཐའ་མ་གོམ་བགྲོད་པ་རྣམས་རྒྱ་ནག་གི་ཡུལ་སྐོར་བ་ཡོང་སའི་ས་ཚིགས་ཐེ་ཝན་ ༡༠༡ ཐོག་རྩེག་ཅན་གྱི་ཁང་ཆེན་མདུན་གྱི་སྐྱེད་མོས་ཚལ་དུ་འཛོམས་ནས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་དངོས་གཞིའི་ཉིན་མོར་མུ་མཐུད་ལས་འགུལ་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་ཏེ་ལས་འགུལ་མཇུག་སྒྲིལ།
ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་ཐེ་སྡོད་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པ་བཅས་ཀྱིས་གཙོ་བོའི་འགན་འཁུར་དང་། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༡༧ གྱིས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན། ལས་འགུལ་ནང་ཐེ་ཝན་གྱི་གཞོན་སྐྱེས་གཙོས་པའི་མི་གྲངས་སུམ་བརྒྱ་ལྷག་གིས་རང་མོས་ངང་མཉམ་ཞུགས་གནང་ཡོད་པ་བཅས།།