༢༠༡༧ ཟླ་ ༣ ཚེས་ ༡༦ རེས་གཟའ་ཕུར་བུ།
སྔོན་གླེང་།
༄༅། །བོད་མི་མང་མདོ་སྨད་སྤྱི་འཐུས་ཟུར་པ་ཨ་འབྱུང་རྡོ་རྗེ་ཚེ་རིང་ངམ་རིག་འཛིན་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༢ ཉིན་དགུང་གྲངས་ ༨༧ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དམ་པ་ཁོང་ནི་ཡུལ་མདོ་སྨད་རྟའི་ཆོལ་ཁའི་གཅན་ཚའི་སྲིབ་ལྟ་ཞེས་གྲགས་པའི་ཧོར་མོག་ཁའི་ཨ་འབྱུང་སྡེ་བར་ཡབ་ཚེ་རིང་སྐྱབས་དང་། ཡུམ་དཀོན་མཆོག་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༩ ལོའི་དགུན་ཁར་འཁྲུངས་ཤིང་། ཆུང་དུས་ཡུལ་མི་སྤྱི་མཚུངས་ལྟར་ཕྱུགས་ཟོག་འཚོ་བ་དང་། ཁྱིམ་ཚང་གི་སོ་ནམ་ཞིང་ལས་སོགས་ལ་ཕྱག་རོགས་གནང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གྱིས་བོད་ནང་བཙན་འཛུལ་བྱེད་འགོ་བརྩམས་པར་བརྟེན། ཕ་ཡུལ་མི་དམངས་མཉམ་རྒྱ་དམར་གྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དྲག་པོའི་སྒྲིག་འཛུགས་ནང་ཞུགས། ཕྱི་ལོ་ ༡༩༥༤ ལོར་རྒྱ་དམར་གྱི་གདུག་རྩུབ་སྲིད་བྱུས་འོག་རང་གི་ཕ་ཡུལ་དུ་བཞུགས་མ་ནུས་པར་རྒྱལ་ས་ལྷ་སར་བྲོས་བྱོལ་དུ་ཕེབས་ཀྱང་། དེར་ཡང་རིམ་པས་རྒྱ་དམར་གྱི་དྲག་ཤུགས་སླེབས་པར་སོང་། ༡༩༥༨ ལོར་རང་གི་སྐུ་ཟླ་དང་ལྷན་རྒྱ་གར་ནང་བཙན་བྱོལ་དུ་ཕེབས། ཕྱིས་སུ་སིམ་ལར་གཏན་བཞུགས་ཀྱིས་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་རྒྱུན་ལས་ཀྱི་ལས་ཁུར་བཞེས་ཤིང་། སིམ་ལའི་བཟོ་གྲྭ་གསར་འཛུགས་ཀྱིས་མཚོན་ལོ་ངོ་བཅུ་གྲངས་ཤིག་གི་རིང་བཟོ་གྲྭའི་འགན་འཛིན་གྱི་ཕྱག་ལས་གནང་། དེ་དང་ཆབས་ཅིག་ ༡༩༧༢ ནས་ ༡༩༧༨ ལོའི་བར་སིམ་ལ་ས་གནས་རང་བཙན་ཚོགས་ཆུང་གི་ཚོགས་གཙོའི་ལས་ཁུར་བཞེས། ༡༩༧༩ ལོར་བོད་མི་མང་སྤྱི་འཐུས་སྐབས་བདུན་པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་ལྟར་ལས་འཁུར་བཞེས། ༡༩༩༥ ནས་ལོ་གསུམ་རིང་སིམ་ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་ལས་ཁུར་བཞེས། ཕྱི་ལོ་ ༢༠༠༣ ལོར་དམ་པ་ཁོང་གི་མི་ཚེའི་སྐོར་ལ་ ” གསུབ་ཏུ་མེད་པའི་རྨ་ཤུལ་ ” ཞེས་པའི་ཕྱག་དེབ་ཞིག་ཀྱང་དཔར་སྐྲུན་གནང་འདུག མདོར་ན་དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ལྟོས་བཅས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ལ།།