༢༠༡༧ ཟླ་ ༣ ཚེས་ ༡༦ རེས་གཟའ་ཕུར་བུ།
སྔོན་གླེང་།
༄༅། །བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་རིམ་བཞིན་བོད་བཙན་པོའི་དུས་སྐབས་སུ་པུར་རྒྱལ་བོད་ཅེས་ཤར་གླིང་དབུས་མའི་ནང་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་གྱུར་ཏེ་བོད་རྒྱ་ཧོར་གསུམ་འདྲ་མཚུངས་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཅིང༌། བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན། ཆབ་སྲིད་བཅས་ཀྱི་ཐོག་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་པ་དང་། དེ་རྗེས་༸གོང་ས་ྋརྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་འཁྲིད་གནང་སྲོལ་ཚུགས་ཤིང༌། བོད་ཀྱི་ཆབ་སྲིད་སྲ་བརྟན་དང༌། རིས་མེད་རྒྱལ་བསྟན་དར་རྒྱས། བོད་འབངས་རྣམས་རང་དབང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པའི་སྐལ་བཟང་གི་དུས་ཚིགས་ཁྱད་པར་ཅན་ཞིག་ཤར་ཡོད།
འོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་སྟེ་རྒྱ་ནག་དམར་གཞུང་འགོ་བཙུགས་མ་ཐག་ནས་བོད་ལ་དྲག་པོའི་བཙན་འཛུལ་གྱིས་རིམ་བཞིན་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ལ་དབང་བསྒྱུར་བྱས་པའི་རིང་། དམངས་གཙོ་བཅོས་བསྒྱུར་དང་ཟིང་འཁྲུག་ཞོད་འཇགས་ཟེར་བ་སོགས་ནས་འགོ་བཙུགས་ཏེ་ད་ལྟ་མཐའ་སྐྱོང་བོད་བརྟན་ཟེར་བ་སོགས་བར་མིང་འདོགས་སྣ་ཚོགས་ཀྱི་ལས་འགུལ་རིམ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟེར་བ་ཐེངས་ ༦ ཚོགས་ཡོད་ནའང་། བོད་ཐོག་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ད་དུང་ཡང་འགྱུར་བ་བཏང་མེད། དབང་བསྒྱུར་དེའི་རིང་བོད་མི་ས་ཡ་གཅིག་ལྷག་དུས་མིན་རྐྱེན་གསོད་བཏང་བ་དང་། བོད་མི་ཁྲི་ཕྲག་མང་པོར་སྡུག་སྦྱོང་མནར་གཅོད་ཀྱིས་འཛིན་བཟུང་བཙོན་འཇུག ཆོས་རིག་གི་བསྟི་གནས་དགོན་སྡེ་སྟོང་ཕྲག་མང་པོ་རྩ་གཏོར། སྲིད་ན་དཀོན་པའི་རྩ་ཆེའི་རིག་དངོས་དུ་མ་བཅོམ་འཕྲོག འཛུགས་སྐྲུན་དང་ཡར་རྒྱས་ལ་ཁ་གཡར་ཏེ་མི་འབོར་སྤོ་བཤུག གཏེར་ཁ་བསྔོག་འདོན། འབྲོག་སྡེ་གནས་སྤོ། འགྲུལ་བཞུད་བཀག་སྡོམ། སྐད་ཡིག་ལ་དོ་ཕོག་དང་ཉམས་དམས་བཏང་དང་གཏོང་བཞིན་ཡོད་ནའང་། ད་དུང་བོད་མི་རིགས་རྣམས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དྲོ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་གནས་ཀྱི་འུར་སྒྲོག་བྱེད་བཞིན་ཡོད།
རྒྱ་དམར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་བོད་མི་རྣམས་ཀྱིས་ཐོག་མ་ནས་ངོ་རྒོལ་རིམ་བསྟུད་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཆེ་མོ་ནས་བཟུང་ད་བར་ལས་འགུལ་རྒྱུན་ཆད་མྱོང་མེད་པ་དང་། ལྷག་པར་དུ་རྒྱ་ནག་གིས་དབང་བསྒྱུར་བྱས་ཏེ་མི་ལོ་ ༧༠ ཟིན་ལ་ཉེ་བའི་རིང་གཞིས་བཞུགས་བོད་མི་རྣམས་རང་དབང་དང་བྲལ་ཞིང་བཙན་གནོན་སྡུག་སྦྱོང་དང་འཇིགས་སྣང་རྒྱུན་ཆད་མེད་པའི་འོག་གནས་དགོས་བྱུང་ནའང་། བོད་ཀྱི་ཆོས་དང་རིག་གཞུང༌། ཡ་རབས་བཟང་པོའི་གོམས་གཤིས་སོགས་བོད་མིའི་ཐུན་མིན་ངོ་བོ་ཉམས་མེད་རྒྱུན་འཛིན་བྱས་པ་མ་ཟད། གཞོན་སྐྱེས་མི་རབས་གསར་པ་རྣམས་ཀྱིས་དུས་རབས་གོང་མའི་ལོ་རབས་ ༨༠ པའི་ནང་གི་ལས་འགུལ་དང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ། ༢༠༠༩ ནས་བཟུང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ། ༢༠༡༠ ལོ་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ། ༢༠༡༤ ལོ་ནས་མི་རེ་ངོ་རེས་སྐད་འབོད་ཀྱི་ལས་འགུལ། གཞན་ཡང་སྒྱུ་རྩལ་འདྲ་མིན་གྱི་ལས་འགུལ་སོགས་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པའི་སྒོ་ནས་བོད་མིའི་བདེན་དོན་འཐབ་རྩོད་རྒྱུན་འཛིན་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྣ་ཚོགས་བརྩམས་དགོས་གྱུར་རྐྱེན་ནི་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་མེད་པའི་རྒྱུ་མཚན་གྱིས་ཡིན།
དམིགས་བསལ་འཛམ་གླིང་གི་ལོ་རྒྱུས་ཐོག་གྲགས་མ་མྱོང་བ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་བ་ནས་བཟུང་ ༢༠༡༦ ཟླ་ ༡༢ ཚེས་ ༨ ཉིན་བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་གཞིས་བཞུགས་བོད་མི་ ༡༤༥ ཡིས་རང་ལུས་མེར་བསྲེགས་བཏང་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ། བོད་རང་བཙན་ཡིན་པ། བོད་ཀྱི་སྐད་ཡིག་དང་ཁོར་ཡུག་ལ་སྲུང་སྐྱོབ་དགོས་པ་སོགས་ཀྱི་སྐད་འབོད་དང་ཞལ་ཆེམས་སྣ་ཚོགས་བཞག་གནང་སྟེ་དེའི་ཁོངས་བོད་མི་ ༡༢༥ འདས་གྲོངས་ཕྱིན་ཟིན་ཡོད་ནའང་། རྒྱ་གཞུང་གིས་དེ་དག་གི་མངོན་འདོད་དང་འབོད་སྒྲ་ལ་བདག་སྐྱོང་བྱེད་རྒྱུ་ཕར་ཞོག་དེ་རྣམས་ནི་ཕྱི་ཕྱོགས་སུ་ཡོད་པའི་ཏཱ་ལའི་ཁ་ཕྲལ་རུ་ཚོགས་ཀྱིས་ངན་སྐུལ་བྱས་གནས་སོགས་ངན་ཁག་སྣ་ཚོགས་དཀྲི་བཞིན་ཡོད་ཀྱང་ད་བར་དཔང་རྟགས་ཁ་གསལ་གང་ཡང་བཏོན་རྒྱུ་མེད་པ་མ་ཟད་རྒྱལ་སྤྱིའི་ཐོག་ནས་ཀྱང་རྒྱ་ནག་ལ་བདེན་ཁ་སྟེར་མཁན་སུ་ཡང་བྱུང་མེད་པ་རེད།
བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་དཀའ་རྙོག་སེལ་ཏེ་ཞི་བདེ་མཉམ་གནས་ཡོང་ཐབས་སླད་རྒྱ་གཞུང་གི་དབང་འཛིན་པའི་ལྷན་ཕན་ཚུན་གོ་བསྡུར་དང་། ལྷག་པར་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་པའི་ལངས་ཕྱོགས་འཛིན་བཞིན་ཡོད་ཀྱང་། ད་སྐབས་རྒྱ་གཞུང་གིས་ཡ་ལན་ཙམ་ཡང་མ་སྤྲད་པར་གནས་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཟེར་བ་དང་། ཆོས་ལུགས་ཀྱི་སྲོལ་ཡིག གྲངས་ཉུང་མི་རིགས་སྐད་ཡིག་ཐད་ཀྱི་རྩ་བའི་སྲིད་བྱུས། རྩྭ་ཐང་སྐོར་གྱི་བཅའ་ཁྲིམས། ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས། དངོས་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས་ཟེར་བ་སོགས་གཏན་ལ་ཕབ་ཡོད་ཅིང་། གཏན་འབེབས་དེ་དག་གཞིར་བཟུང་གིས་རྒྱ་ནག་གི་དབང་འཛིན་མི་སྣའི་ཁོངས་དང་། ལས་འགུལ་བ། སྒྱུ་རྩལ་མཁན་སོགས་ནས་བདེ་སྡུག་རིམ་ཞུས་ལ་བདག་སྐྱོང་བྱ་རྒྱུ་ཕར་ཞོག ཁ་ཕྲལ་བ་དང་། རྒྱབ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་ཟེར་བ་སོགས་ཆབ་སྲིད་ཀྱི་ཉེས་མིང་འགེལ་རྐྱང་གིས་འཛིན་བཟུང་བཙོན་འཇུག་དང་། དོན་མེད་སུན་གཙེར་འོག་བོད་མི་རྣམས་འཇིགས་སྣང་དང་དངངས་སྐྲག་ངང་སྡོད་དགོས་པའི་གནས་སྟངས་མུ་མཐུད་ཆགས་བཞིན་ཡོད་པ་ལྟར། ཨ་རིའི་རྒྱལ་སར་རྟེན་གཞི་བྱས་པའི་རང་དབང་ཁང་པས་ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་འཛིན་བྱས་པ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དབང་འཛིན་ལ་བརྩི་སྲུང་རྩ་བ་ནས་མ་བྱས་པར་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་འདི་བཞིན་སྔར་ལས་རྒྱ་སྐྱེད་ཆེད་གཏོང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆབ་སྲིད་ཀྱི་རང་དབང་གཙོ་བོར་གྱུར་པའི་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་། དེ་བཞིན་ཆོས་དད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིར་དགོས་ངེས་ཀྱི་ཐོབ་ཐང་ཁག་སྔར་ལས་ཆེས་སྡུག་ཏུ་གཏོང་བཞིན་པ་ཐེར་འདོན་བྱས་པ་དང་། ༢༠༡༦ ལོའི་ནང་རྒྱ་ནག་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་ཚོགས་པ་ཁག་གི་ལས་དོན་རྣམས་ལ་དམ་དྲག་སྔར་ལྷག་བྱ་རྒྱུའི་ཐག་གཅོད་བྱས་པ་མ་ཟད། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ལ་དམ་དྲག་ཚོད་འཛིན་ཤུགས་ཆེ་བྱས་ཡོད་པ། ཆབ་སྲིད་ཀྱི་རང་དབང་དང་སྤྱི་མང་གི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་པ་བཅས་ཐེར་འདོན་གནང་ཡོད།
རྒྱ་གཞུང་གིས་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་གར་ཡོད་ཤེས་རྟོགས་མི་ཐུབ་པ་བཟོས་ཡོད་པ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སོགས་ཆབ་སྲིད་ཀྱི་ཉེས་ཁག་གཡོག་པའི་བཙོན་པ་མང་པོ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་ཡོད་ཅིང་། བླ་བྲང་འཇིགས་མེད་རྒྱ་མཚོ་ལྟ་བུ་བཙོན་གྲོལ་ཐོབ་ནའང་གཟུགས་ཁམས་བདེ་ཐང་མེད་པ་བཟོས་ཡོད་པ་སོགས་བོད་མི་རྣམས་ལ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་མཚམས་ད་དུང་བཞག་མེད། དཔེར་ན་རྒྱ་ནག་གི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞུ་གཏུག་མཁན་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བ་ཟེར་བ་ལྟ་བུའི་ཉེས་ཁག་གཡོག་པ་མ་ཟད། རྒྱ་གཞུང་གི་ལོ་ལྔ་ཚན་གྱི་འཆར་གཞི་ ༡༣ པ་ཞེས་པའི་ནང་ཁྲིམས་སྒྲིག་གང་ལ་ཡང་མ་གསལ་བའི་ཐོག་རྒྱ་ནག་གི་སྤྱི་སྐད་ཟེར་བར་ཤུགས་རྒྱག་དགོས་པའི་སྲིད་བྱུས་བཟུང་སྟེ་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མི་མངོན་པའི་ཉམས་ཆག་གཏོང་བཞིན་ཡོད་པ། བོད་ནས་རྒྱ་གར་དང་བལ་ཡུལ་ནང་གནས་སྐོར་མཆོད་མཇལ་དང་དབང་ལུང་མན་ངག་ཞུ་རུ་ཡོང་མཁན་རྣམས་ལ་བསམ་ཡུལ་ལས་འདས་པའི་སྡིགས་སྐུལ་གྱིས་ཕྱི་བསྐྱོད་ལག་འཁྱེར་བཙན་འཕྲོག་དང་བཅད་གཏུབ་ཀྱིས་ནུས་མེད་བཏང་སྟེ་ཆོས་དད་རང་དབང་གི་གཞི་རྩའི་ཐོབ་ཐང་ལ་བརྡལ་བཤིག བོད་ནང་གི་ཆོས་སྡེ་ཁག་ཅིག་ལ་རིག་གནས་གསར་བརྗེ་ཆེན་པོ་རོ་ལང་བརྒྱབ་པ་ལྟ་བུའི་གཏོར་བཤིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ལམ་ལུགས་གང་དང་ཡང་མི་མཐུན་པའི་སྐུར་འདེབས་སོགས་བྱས་དང་བྱེད་བཞིན་པ་འདིས་མེས་རྒྱལ་ཁ་ཕྲལ་བཏང་བ་ཟེར་བའི་ལས་འགུལ་ངོ་མ་དེ་རྒྱ་གཞུང་རང་གིས་སྤེལ་གྱི་ཡོད་པ་གསལ་པོ་ཆགས་ཀྱི་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ཆེ་བསྟོད་དང་། བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར། བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་ཁུར་སོགས་གནང་སྟེ། རྒྱ་གར་སྲིད་འཛིན་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད། ཨ་རིའི་སྲིད་གཞུང་གསར་པའི་བོད་དོན་ལ་ཐུགས་ཁུར་གནང་བ་དང་། ཡུ་རོབ་གྲོས་ཚོགས་ནས་གསེར་རྟ་བླ་རུང་ཆོས་སྒར་གཏོར་མཚམས་འཇོག་དགོས་པའི་སྐོར་རྒྱ་གཞུང་ལ་སྐུལ་མ་གནང་བ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་སོགས་ཀྱིས་བཀྲ་ཤིས་དབང་ཕྱུག་གི་གནས་བབ་ལ་ཐུགས་ཁུར་གནང་བ་སོགས་ཀྱིས་རྒྱ་ནག་གི་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ཐོག་ནས་བོད་དོན་དང་འབྲེལ་བའི་དངོས་ཡོད་གནས་སྟངས་ལ་རྒྱབ་སྐྱོར་དང་འགན་ཁུར་མུ་མཐུད་བཞེས་བཞིན་ཡོད་པ་གསལ་པོར་མངོན་ཡོད།
བོད་རྒྱལ་ཁབ་ཆེན་པོ་འདི་ཉིད་རྒྱ་ནག་དམར་པོས་གཞུང་གིས་མི་བདག་བདག་བཟུང་བྱས་ཏེ་མི་ལོ་ ༧༠ མ་ཟིན་ཙམ་རིང་བོད་མི་རྣམས་ལ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་བཏང་བ་དང་། རྒྱ་ནག་རང་གི་ཁྲིམས་ལུགས་སུ་གསལ་བའི་ཐོབ་ཐང་ཁག་མིང་དོན་མཚུངས་པའི་ལག་བསྟར་མ་བྱས་པ་སོགས་ལ་བརྟེན་བོད་ཀྱི་མི་རབས་རྒན་དར་གཞོན་གསུམ་རིམ་བརྒྱུད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་རྒྱུན་མ་ཆད་པ་སྤེལ་བཞིན་པ་དང་། ལྷག་པར་དུ་ཤེས་རྟོགས་ར་འཕྲོད་གསལ་པོ་བྱུང་བ་བོད་མི་ ༡༤༥ ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་དགོས་འདུན་ཁག་ལ་བདག་སྤྲོད་མེད་པར་ཛ་དྲག་ངང་མུ་མཐུད་གནས་མུས་ལ་སོང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་འདིར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་དགོས་རྒྱུ་ཤིན་ཏུ་གལ་ཆེར་མཐོང་།
གྲོས་ཆོད།
༡། བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་གིས་རང་ལུས་མེར་བསྲེགས་གཏོང་མཁན་རྣམ་པས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང་། ཁོང་རྣམ་པའི་ཤུལ་ལུས་ནང་མི་གཉེན་འབྲེལ་ལྟོས་བཅས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་ཞུ་རྒྱུ། འདས་གྲོངས་སུ་ཕྱིན་པ་རྣམས་གངས་ཅན་མགོན་པོ་མཆོག་གིས་རྗེས་སུ་བཟུང་ནས་སླར་ཡང་བོད་ཁ་བ་ཅན་གྱི་ཞིང་དུ་སྐྱེ་བ་དང་། ཁོང་རྣམས་ཀྱི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་ཡོངས་སུ་འགྲུབ་ཆེད་བོད་མི་མི་རེ་ངོ་རེས་སྔར་ལྷག་འགན་ཁུར་དགོས་པའི་གསལ་འདེབས་ཞུ་རྒྱུ།
༢། རྒྱ་གཞུང་གི་བཙན་གནོན་འོག་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་དང་། བཙོན་གྲོལ་ཟིན་པ་ཁག་གི་སྐུ་གཟུགས་འཕྲོད་བསྟེན་ལ་རྒྱ་གཞུང་ནས་འགན་ཁུར་ལེན་དགོས་པའི་དྲན་གསོ་བྱ་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་དོན་རྒྱབ་སྐྱོར་བ་ཁག་ནས་ཐུགས་སྣང་དང་ནུས་པ་མཉམ་སྤུངས་དགོས་པའི་རེ་འདུན་ཞུ་རྒྱུ།
༣། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ལག་བསྟར་ཡོང་ཐབས་ཆེད་བོད་རྒྱ་གྲོས་མོལ་ཡོང་རེའི་འབད་བརྩོན་མུ་མཐུད་བྱེད་བཞིན་ཡོད་པ་ལྟར། རྒྱ་གཞུང་གི་འགོ་ཁྲིད་རྣམས་ཀྱིས་འགན་ཁུར་འོག་ལས་རིམ་འདི་ཉིད་འཕྲལ་དུ་འགོ་འཛུགས་དགོས་རྒྱུ།
༤། རྒྱ་ནག་གཞུང་གིས་བོད་ནང་མི་འབོར་སྤོ་བཤུག་རྒྱ་བསྐྱེད་དང་འབྲེལ་བོད་མིའི་གཞི་རྩའི་འགྲོ་བ་མི་ཡི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་དང་། ཆོས་དད་རང་དབང་ལ་བརྡལ་བཤིག རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། སྐད་ཡིག་སྦྱོང་སྤྱོད་ལ་ཉམ་དམས། ཉིན་རེའི་འགྲོ་འདུག་ལ་བཀག་བསྡོམས་གཏོང་བ་སོགས་བོད་ལ་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་གིས་བོད་མིའི་གཞི་རྩའི་མངོན་འདོད་དང་མཚུངས་ཤིང་། དོན་དངོས་ལག་ལེན་ཡོད་པའི་བོད་ཁམས་ཞི་བདེ་ལྷིང་འཇགས་ཅན་ཞིག་ཏུ་བཟོ་དགོས་རྒྱུ།
༥། དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་ལས་ཀྱི་སྣེ་མོ་བ། གྲོས་ཚོགས་འཐུས་མི། ཤེས་ཡོན་ཅན་དང༌། རང་དབང་དོན་གཉེར་བ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དང་། ལྷག་པར་རྒྱ་གཞུང་གིས་བོད་བཙན་ཟོས་བྱས་ཏེ་མི་ལོ་ ༧༠ མ་ཟིན་ཙམ་རིང་བོད་མི་རྣམས་ཀྱི་ལུས་སེམས་ལ་དཀའ་སྡུག་ཇི་འཕྲད་དང་། རང་ལུས་མེར་བསྲེགས་གཙོས་པའི་ལས་འགུལ་ཆེ་ཕྲ་ཁག་མཚམས་འཇོག་མེད་པར་སྤེལ་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་དང་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཆེད་ཕྱོགས་ལྷུང་བྲལ་བའི་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་པ་བོད་རང་དུ་གཏོང་གནང་ཡོང་བའི་རེ་འདུན་མུ་མཐུད་ཞུ་རྒྱུ།
༦། བོད་མི་སྐྱབས་བཅོལ་བ་གནས་ཡུལ་འཛམ་གླིང་གི་རྒྱལ་ཁབ་སྤྱི་དང་། བྱེ་བྲག་ཏུ་རྒྱ་གར་དབུས་སའི་གཞུང་དང་མི་མང་རྣམས་ཀྱིས་བོད་དང་བོད་མིར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་སྦྱོར་རྒྱབ་སྐྱོར་གནང་བ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་། ལྷག་པར་ཉེ་བའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་སྩོལ་གནང་སྐབས་འབྲེལ་ཡོད་མངའ་སྡེའི་གཞུང་ནས་ཚད་མཐོ་བའི་མཐུན་རྐྱེན་སྦྱོར་གནང་མཛད་པར་བཀའ་དྲིན་ཆེ་ཞུ་བ་དང་། མ་འོངས་པར་ཡང་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་འབྲེལ་ཡོད་ཡོངས་ནས་དེ་ལྟའི་མཐུན་འགྱུར་དང་མགོན་དཔུང་གི་བཀའ་དྲིན་རྒྱུན་གནས་ཡོང་བ་ཞུ་རྒྱུ།
༧། གཞིས་བཞུགས་བོད་མི་རྣམས་ཀྱི་དབུགས་འབྱིན་རྔུབ་ཚུན་ཆད་ནས་ཆེས་དངངས་སྐྲག་དང་འཇིགས་སྣང་འོག་གནས་དགོས་གྱར་ཡོད་ཀྱང་། ད་བར་ཆོད་སེམས་བརྟན་ཅིང་འཇིགས་ཞུམ་བྲལ་བའི་སྙིང་སྟོབས་གསོན་གནས་ཐོག་མི་རབས་ནས་མི་རབས་རྒྱུན་མཐུད་ཀྱིས་བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་རིམ་པ་མཚམས་ཆད་མྱོང་མེད་པ་གཞི་རྩར་བཟུང་སྟེ། རང་རེ་བཙན་བྱོལ་དུ་གནས་པའི་བོད་མིའི་སྒྲིག་འཛུགས་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག གྲོས་ཚོགས་འཐུས་མི་སོགས་མི་རེ་ངོ་རེས་འགན་ཁུར་བའི་ཐོག་ཁོང་རྣམས་ཀྱིས་སྐུ་ངལ་བསྐྱོན་གནང་བ་རྣམས་ཆུད་ཟོས་སུ་མ་སོང་བར་རང་ནུས་གང་ཐེག་གི་འགན་ཁུར་ལེན་དགོས་པའི་དྲན་གསོ་དང་དམ་བཅའ་བྱ་རྒྱུའི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༥ ལ།།