༢༠༡༧ ཟླ་ ༢ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སྙན་གྲགས་ཆེ་བའི་ཨོ་སི་ཊོ་ལི་ཡའི་རིག་གཞུང་སྣ་མང་གི་དུས་སྟོན་དེ་བཞིན་ལོ་སྟར་ཕྱི་ཟླ་ ༢ ནང་འཚོགས་སྲོལ་ཡོད་པ་ལྟར། འདི་ལོའི་དུས་སྟོན་དེའང་ཕྱི་ཟླ་ ༢ པའི་ཚེས་ ༡༧ ནས་ཚེས་ ༡༩ བར་ཉིན་གསུམ་རིང་རྒྱལ་ས་ཁེན་བྷེ་རྭར་ཚོགས་ཡོད། དུས་སྟོན་གཙོ་སྐྱོང་བ་ལྟར་ན། ཐེངས་འདིར་དུས་སྟོན་ཐོག་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་ཁག་དགུ་བཅུ་ཙམ་གྱི་མི་རིགས་མི་འདྲ་བ་སུམ་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་དང་། མི་འབོར་འབུམ་གཉིས་དང་ཁྲི་ལྔ་ཙམ་དུས་སྟོན་ཐོག་མཉམ་ཞུགས་གནང་འདུག
དེ་ཡང་རྒྱལ་སྤྱིའི་དུས་སྟོན་དེའི་ཐོག་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་གྲོང་ཁྱེར་སི་ཌི་ནིར་གནས་སྡོད་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་གདན་ཞུས་ཐོག་དཀྱིལ་འཁོར་བཞེངས་པ་དང་། བོད་ཀྱི་སྐུ་ཐང་འགྲེམ་སྟོན་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་མཆོག་དང་། དྲུང་ཆེ་བཀྲ་ཤིས་ཐག་གཅོད། དོན་གཅོད་ཟུར་པ་ཨ་ཏི་ཤ་བཅས་ནས་ཨིན་སྐད་དང་། རྒྱ་རིགས་འབྲེལ་མཐུད་པ་འབའ་པ་སྐལ་བཟང་རྒྱལ་མཚན་ནས་རྒྱ་སྐད་ཐོག་འབྲེལ་ཡོད་སོ་སོར་བོད་ཀྱི་ཆོས་དང་། རིག་གཞུང་། སྤྱིར་བོད་ནང་གི་གནས་སྟངས་སོགས་སྐོར་ངོ་སྤྲོད་གནང་ཡོད།
ཕྱི་ཚེས་ ༡༨ ཉིན་རྒྱབ་ཆུ་ཚོད་ ༤ པ་ནས་མི་རིགས་འདྲ་མིན་ཁྲོམ་སྐོར་གོམ་འགྲོས་ཀྱི་ལས་འགུལ་སྤེལ་འགོ་བཙུགས་པ་མ་ཟད། ཕྱེད་ཡོལ་ཆུ་ཚོད་ ༦ པ་ཙམ་ལ་བོད་ཀྱི་གཞས་སྣ་འཁྲབ་སྟོན་གནང་།
དུས་སྟོན་སྐབས་ཨོ་སི་ཊོ་ལི་ཡའི་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་དང་། ཁེན་བྷེ་རྭ་དབུས་སའི་གྲོས་ཚོགས་འཐུས་མི་སོགས་ཆེད་མངགས་བོད་ཀྱི་ཆོས་དང་རིག་གཞུང་འགྲེམ་སྟོན་ཡོད་སར་ཕེབས་ནས་ཐུགས་སྣང་ཆེན་པོས་ད་ལྟའི་བོད་ནང་གི་བོད་མིའི་གནས་སྟངས་སྐོར་སོགས་འདྲི་རྩད་གནང་བ་མ་ཟད། བོད་ཀྱི་སྲོལ་རྒྱུན་ཁ་ཟས་ལ་རོལ་འདུག་པ་བཅས།།