༢༠༡༧ ཟླ་ ༢ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ འཁོད་དཔལ་ལྡན་བཀའ་ཤག་ནས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་རྣམས་ཀྱི་ཁྱབ་ཁོངས་ས་གནས་ཁག་ལ་བོད་ཀྱི་ཆོས་རིག་ངོ་སྤྲོད་བྱ་སྒོ་སྤྱི་དང་། ཁྱད་པར་ས་གནས་དེ་དག་ལ་གནས་པའི་ཕྱི་ནང་དོན་གཉེར་ཅན་རྣམས་ལ་ནང་པའི་ལྟ་གྲུབ་སློབ་འཁྲིད། ཆོས་ཕྱོགས་ཀྱི་མཛད་སྒོ་དང་འདུ་འཛོམས་ཁག་ལ་གཙོ་སྐྱོང་དང་མཉམ་ཞུགས།
གཞན་ཡང་ས་གནས་ཀྱི་ནང་པ་ནང་ཁུལ་དང་ཆོས་ལུགས་གཞན་གྱི་ཆོས་བྱེད་མི་སྣ་ཁག་ལ་མཐུན་ལམ་འབྲེལ་འཛུགས་བྱ་རྒྱུ་བཅས་ཀྱི་ཆེད་དུ། ད་ཡོད་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་ཏུ་ཚད་ལྡན་ནང་པའི་ལྟ་གྲུབ་དགེ་རྒན་ཇི་དགོས་རིམ་པས་བསྐོ་གཏོང་གནང་རྒྱུའི་རྩ་འཛིན་གཏན་འབེབས་གནང་བའི་དགོངས་དོན།
ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་གཅོད་ཁང་དུ་སྡེ་འགན་གནས་རིམ་ཐོག་ལྟ་གྲུབ་དགེ་རྒན་ཞིག་བསྐོ་གཏོང་གནང་རྒྱུ་ལགས་པ་ན།
༡༽ཤེས་ཚད། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ངོས་འཛིན་ཡོད་པའི་ཆོས་སྡེའམ་བཤད་གྲྭ་ཞིག་ཏུ་བོད་ཀྱི་སྐད་ཡིག་དང་རྨང་གཞིའི་སློབ་གཉེར་རིམ་པ་སྔོན་སོང་ཐོག་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་ཉུང་མཐར་ལོ་ ༩ རིང་སློབ་གཉེར་གནང་ཡོད་པ། ཡང་ན། གཞི་རིམ་འཛིན་གྲྭ་བརྒྱད་པའམ་དེ་ལས་ལྷག་པ་ཐོན་རྗེས་ངོས་འཛིན་ཡོད་པའི་བོད་ཀྱི་སྲོལ་རྒྱུན་མཐོ་རིམ་སློབ་གཉེར་ཁང་ཞིག་ཏུ་ཉུང་མཐར་ལོ་ ༩ རིང་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཡོད་པ།
༢༽ ཉམས་མྱོང་། ཆོས་སྡེའམ་བཤད་གྲྭ་གང་ཞིག་ཏུ་ལོ་ ༣ རིང་གཞུང་ཆེན་སློབ་འཁྲིད་གནང་མྱོང་བ། ཡང་ན། བོད་མིའི་སློབ་གྲྭ་ཁག་ཏུ་ལོ་ ༥ རིང་ཆོས་དགེ་གནང་མྱོང་ཡོད་པ།
༣༽ ཆ་རྐྱེན་གཞན། རབ་བྱུང་རྟེན་ཅན་ཡིན་པ་དང་། གཏང་ཡུལ་རྒྱལ་ཁབ་དེའི་སྐད་དམ་ཨིན་སྐད་གང་རུང་ཐོག་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་སོགས་སྐད་སྒྱུར་མི་དགོས་པར་འཆད་འཁྲིད་ཐུབ་པ། དཔྱ་ཁྲལ་འབུལ་འབབ་མ་ཆད་པ། རང་ལོ་ ༣༠ ནས་ ༤༥ བར་ཡིན་པ། རྒྱ་གར་རམ་གནས་ཡུལ་རྒྱལ་ཁབ་གང་ཡིན་དེར་གནས་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་ཡོད་པ། ལུས་ཐང་ལས་འཕེར་ཡིན་པ། ཀུན་སྤྱོད་སྐྱོན་མེད་པ།
བཅས་ཀྱི་ཆ་རྐྱེན་ཚང་ཞིང་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དུ་ལྟ་གྲུབ་དགེ་རྒན་ནམ་ཆོས་དགེའི་ཞབས་ཞུ་སྒྲུབ་འདོད་ཡོད་པ་རྣམས་ཀྱིས་ཆོས་རིག་དྲུང་ཆེའི་མཚན་ཐོག་འཚང་སྙན་དང་སྦྲགས།
1. རབ་བྱུང་རྟེན་ཅན་ཡིན་པ་དང་། དཔེ་དགེའམ་ཆོས་དགེའི་ཉམས་མྱོང་ཡོད་པ་དང་། ཀུན་སྤྱོད་སྐྱོན་མེད་ཡིན་པ་བཅས་ཀྱི་རྒྱབ་རྟེན་སོ་སོ་སྒྲིག་ཁོངས་ཀྱི་རྒྱབ་གཉེར་ཡི་གེ
2. ས་གནས་འགོ་འཛིན་ནམ་སོ་སོའི་དགོན་པའི་མཛད་གཙོ་ཞིག་གི་དག་མཆན་འཁོད་པའི་སློབ་ཐོན་ལག་འཁྱེར་དང་། འབུལ་འབབ་ཆད་མེད་ཕུལ་བའི་དཔྱ་ཁྲལ་ལག་དེབ་དང་། གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ཡིག་ཆ་བཅས་ཀྱི་ངོ་བཤུས།
3. དེ་བཞིན་ངོས་འཛིན་ཡོད་པའི་སྨན་ཁང་ཞིག་གི་སྨན་པའི་ངོས་སྦྱོར་བཅས།
དགོས་མཁོའི་ཡིག་ཆ་དེ་རྣམས་མཉམ་སྦྱར་ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ འགྱངས་མེད་འདི་ག་ལས་ཁུངས་སུ་ཕུལ་འབྱོར་དགོས་རྒྱུ་དང་། འདེམས་སྒྲུག་གནང་ཕྱོགས་ཐད་རྩ་འཛིན་ལམ་སྟོན་གཞིར་བཟུང་འཆད་པ་དང་། རྩོམ་པ། ཕྱི་རྒྱལ་སྐད་ཡིག་གི་གནས་ཚད་ཞིབ་འཇུག་བྱས་པའི་སྒོ་ནས་གནང་རྒྱུའང། རྒྱུགས་ཐོན་ཨང་ཐོབ་འདྲ་མཉམ་བྱུང་ཚེ་ཉམས་མྱོང་ཅན་ལ་འོས་འདེམས་གནང་རྒྱུ་ཡིན་འདུག་པ་བཅས་དེ་དོན་དགོངས་འཇགས་ཞུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༠ ལ།། །།
ཁ་བྱང་།
Secretary
Department of Religion and Culture
Central Tibetan Administration
P. O. Dharamsala – 176215
District Kangra, H. P.