༢༠༡༧ ཟླ་ ༢ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་ལྷན་གྱི་གོ་སྒྲིག་འོག་ཨ་རིའི་རོགས་དངུལ་ཐེབས་རྩ་ཁང་གི་མཐུན་རྐྱེན་སྦྱར་ནས་སྲི་ཞུའི་ལས་བྱེད་དྲུང་གཞོན་དང་དྲུང་གཞོན་ལས་རོགས་བཅས་ཁྱོན་མི་གྲངས་ ༢༥ ལ་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་ཤིམ་ལའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་མངའ་སྡེའི་འཛིན་སྐྱོང་ལས་དོན་སྦྱོང་བརྡར་བསྟི་གནས་ཁང་ཧི་པཱ་ HIPA ཞེས་པ་དེར་འཛིན་སྐྱོང་དང་འགོ་ཁྲིད་ཐབས་ལམ། མི་དང་མིའི་འབྲེལ་བ་བྱེད་སྟངས་ཀྱི་སྒྱུ་རྩལ། ལས་དོན་གྱི་གྲུབ་འབྲས་དང་ནུས་པ་བཟང་ངན་ཐོག་དཔྱད་པ་བྱེད་ཚུལ་དང་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་སྤེལ་སྟངས། ཁོང་ཁྲོ་དང་འགྲན་སེམས་སོགས་ཉོན་མོངས་དང་འབྲེལ་བའི་རྣམ་རྟོག་འདྲ་མིན་ལ་གདོང་ལེན་བྱེད་ཕྱོགས། དུས་ཚོད་སྟངས་འཛིན་ཐོག་ལས་དོན་ཆེ་ཕྲ་ཡོངས་ལ་འཆར་གཞི་འགོད་སྟངས། རྩོད་རྙོག་འདུམ་འགྲིག་བྱེད་སྟངས། དེ་བཞིན་དངུལ་རྩིས་ཀྱི་འགྲོ་སྟངས་སོགས་ཀྱི་ཐོག་ཟབ་སྦྱོང་ལེགས་གྲུབ་བྱུང་འདུག
དེ་ཡང་མཇུག་སྡོམ་མཛད་སྒོའི་ཐོག་ལས་བྱེད་འདེམས་ལྷན་ཚོགས་གཙོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དང་ཧི་པཱ་བསྟི་གནས་ཁང་གི་ངེས་སྟོན་པ་ལྕམ་སྐུ་མ་དུ་བྷ་ལ་ཤརྨ་ Ms Madhu Bala Sharma མཆོག་གིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ཕྱག་འཁྱེར་གནང་བ་དང་སྦྲགས་འདེམས་ལྷན་ཚོགས་གཙོ་མཆོག་ནས་སྐབས་དེར། ངེས་སྟོན་པ་དང་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་ཐེངས་འདིར་ཟབ་སྦྱོང་སློབ་ཁྲིད་པ་དང་། ཞལ་ལག སྡོད་གནས་སོགས་ཕྱི་ནང་གི་མཐུན་འགྱུར་གོ་སྒྲིག་གནང་ཕྱོགས་ཐད་ཧ་ཅང་ཕུན་སུམ་ཚོགས་པོ་བྱུང་བར་བསྔགས་བརྗོད་གནང་བ་དང་། འདེམས་ལྷན་ནས་ཕྱི་ལོ་ ༢༠༡༢ ལོར་ཧི་པཱར་ཟབ་སྦྱོང་དེ་མཚུངས་ཤིག་གོ་སྒྲིག་གནང་རྗེས་ཐེངས་འདིར་ལོ་བཞི་ཙམ་གྱི་རྗེས་སུ་ཟབ་སྦྱོང་འདི་སླར་ཡང་གོ་སྒྲིག་གནང་ཐུབ་པ་བྱུང་ཡོད་ཚུལ་སྐོར་གསུངས།
ངེས་སྟོན་པ་ལྕམ་སྐུ་མ་དུ་བྷ་ལ་ཤརྨ་མཆོག་གིས་གསུང་དོན། ཐེངས་འདིར་སྲི་ཞུའི་ལས་བྱེད་རྣམས་ཀྱི་ཤེས་ཚད་དང་སྒྲིག་ལམ། སློབ་ཁྲིད་སྐབས་དོ་དབྱིངས་གནང་ཕྱོགས་སོགས་ཀྱི་ཐད་སློབ་ཁྲིད་གནང་མཁན་རྒན་ལགས་ཚང་མས་ཞལ་གཅིག་གྲགས་ཐོག་བསྔགས་བརྗོད་རྒྱ་ཆེ་གནང་བཞིན་འདུག དེར་བརྟེན་ངས་ལས་བྱེད་འདེམས་ལྷན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ལས་བྱེད་འདེམས་ལྷན་གྱི་སྲི་ཞུའི་ལས་བྱེད་འདེམས་སྒྲུག་གནང་ཕྱོགས་ཀྱི་རྣམ་དཔྱོད་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས། སྤྱིར་ད་བར་ཧི་པཱ་བསྟི་གནས་ཁང་དུ་སྲི་ཞུའི་ལས་བྱེད་གྲངས་ ༡༨༠ ལ་ཟབ་སྦྱོང་ཕུལ་ཟིན་འདུག
དེ་ཡང་ལས་བྱེད་འདེམས་ལྷན་ཚོགས་གཙོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༩ ནང་འདེམས་ལྷན་ཚོགས་གཙོར་བསྐོ་གཞག་གནང་རྗེས་ཧི་པཱ་བསྟི་གནས་ཁང་དུ་ཟབ་སྦྱོང་གོ་སྒྲིག་གནང་བ་ཐོག་མ་ཆགས་ཡོད་པ་བཅས།།