༢༠༡༧ ཟླ་ ༢ ཚེས་ ༣ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༧་་་༡༨ གྱི་ལོ་འཁོར་སྔོན་རྩིས་འཆར་འབུལ་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༣ ནས་ ༣༠ བར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེ་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་བཅས་ལྷན་འཛོམས་ཐོག་གཏན་འབེབས་བྱུང་ཡོད།
དེ་ཡང་སྔོན་རྩིས་འཆར་འབུལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གིས་བོད་མིའི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་ལས་གཞི་ཙམ་མ་ཟད། བཙན་བྱོལ་བོད་མིའི་གཞིས་ཆགས་གཙོ་བོར་གྱུར་བའི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་དང་། བོད་ནས་གསར་དུ་ཕེབས་པ་བཅས་ཀྱི་བདེ་དོན་ཆེད་འགྲོ་གྲོན་སྔོན་རྩིས་དང་། གཞན་ཡང་བོད་པའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་དང་། མཐོ་སློབ་ཁག་ཏུ་སློབ་ཡོན་གྱི་མཐུན་འགྱུར། བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་རིང་ལུགས་གོང་མཐོ་དང་། སྒེར་གྱི་ཚོང་ལས་གཉེར་མཁན་བོད་མི་ཚོང་པ་རྣམས་ལ་མཐུན་འགྱུར་རམ་འདེགས། བུད་མེད་ནུས་སྟོབས་སྤེལ་བའི་ལས་གཞི། རྒྱལ་སྤྱིའི་འབྲེལ་ལམ་དང་དྲིལ་བསྒྲགས་ལས་དོན། དེ་བཞིན་འཕྲོད་བསྟེན་ལས་གཞི་བཅས་ཀྱི་ཆེད་འགྲོ་སོང་རྣམས་ཀྱི་འཆར་གཞི་ཕུལ་བ་རྣམས་ལ་བཀའ་ཤག་གིས་རྒྱབ་གཉེར་གནང་ཡོད།
དེ་ནས་མགྱོགས་མྱུར་དཔལ་འབྱོར་ལས་ཁུངས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་ལོ་འཁོར་སྔོན་རྩིས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ལ་འབུལ་རྗེས་ཕྱི་ཟླ་ ༣ ནང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ སྐབས་མཐའ་མའི་བགྲོ་གླེང་གནང་རྗེས་བཀའ་འཁྲོལ་གཏན་འབེབས་ཐག་གཅོད་གནང་རྒྱུ་ཡིན་པ་བཅས།།