༢༠༡༧ ཟླ་ ༢ ཚེས་ ༡༢ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༡ ཉིན་ཉི་ཧོང་སྐུ་ཚབ་དོན་ཁང་གིས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་འདུག་པ་དང་། སྐབས་དེར་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གང་མང་ཕེབས་འདུག་པ་བཅས་ལ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་མི་མང་རྣམས་ཀྱིས་ད་བར་བོད་མིའི་ཐུན་མིན་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་སླད་དང་། ལྷག་པར་བོད་མི་གཞོན་སྐྱེས་ཚོར་དེང་དུས་ཤེས་ཡོན་གྱི་མཐུན་འགྱུར་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འབྲེལ་བའི་འཛིན་སྐྱོང་ལས་དོན་བཅས་ལ་ཤ་ཚ་ཆེན་པོའི་ཐོག་ནས་རྒྱབ་སྐྱོར་གནང་བར་ཡིད་རང་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་གསུང་དོན།
ཁྱེད་རྣམ་པས་དཔལ་འབྱོར་དང་བཟང་སྤྱོད་ཀྱི་རྒྱུད་སྐུལ་ཐོག་བོད་མིར་རྒྱབ་སྐྱོར་གནང་བར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་དེང་སྐབས་བོད་བརྒྱུད་ནང་བསྟན་གྱི་བསླབ་བྱ་དེ་དག་དར་སྤེལ་མཛད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་བོད་བརྒྱུད་ནང་བསྟན་གྱིས་མཚོན་བོད་ཀྱི་ཐུན་མིན་རིག་གནས་དང་ཁོར་ཡུག་ཉམས་དམས་སུ་བཏང་ནས་ཧ་ལམ་རྩ་མེད་དུ་འགྲོ་ལ་ཉེ་བའི་སྐབས་དེར་ བཙན་བྱོལ་བོད་མི་རྣམས་ཀྱིས་སྐུ་ངལ་སྐྱོན་ནས་བོད་མིའི་ཆོས་དང་རིག་གཞུང་གི་མེ་རོ་སླར་གསོ་ཐུབ་པ་བྱུང་ཡོད། དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་བོད་མི་མི་རབས་རྒན་པ་ཚོས་སྐུ་ངལ་སྐྱོན་པ་བཅས་ལ་བརྟེན་ནས་བོད་མིའི་ཐུན་མིན་རིག་གནས་དེ་དག་དེང་སྐབས་འཛམ་གླིང་ཕྱོགས་མཐའ་ཀུན་དུ་རྒྱས་བཞིན་ཡོད། སངས་རྒྱས་ཀྱི་བསྟན་པ་ཐོག་མར་དབུ་བརྙེས་ནས་ད་བར་མི་ལོ་ངོ་ ༢༥༠༠ སོང་ཡོད། རྒྱ་ནག་དམར་ཤོག་རིང་ལུགས་བཙུགས་ནས་ད་བར་མི་ལོ་ ༥༠ ཙམ་ལས་ཕྱིན་མེད། དེར་བརྟེན་རྒྱ་ནག་དམར་ཤོག་རིང་ལུགས་མཇུག་སྒྲིལ་ནས་ལོ་ ༢༥༠༠ སོང་ཡང་བོད་བརྒྱུད་ནང་བསྟན་གནས་རྒྱུ་རེད། བོད་བརྒྱུད་ནང་བསྟན་ནི་བོད་མིའི་སྤྱི་ཚོགས་དཔལ་ཡོན་གྱི་རྨང་གཞི་ཡིན། རྒྱ་ནག་སྐོར་ཤེས་པར་ཐོག་མར་བོད་ཀྱི་སྐོར་ཤེས་དགོས།
ཞེས་གསུང་པ་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་སྐོར་ཐེ་བྱུས་བྱ་རྒྱུར་ཁྲིམས་དང་ལོ་རྒྱུས་གང་གི་ཆ་ནས་ཐོབ་ཐང་རྩ་བ་ནས་མེད་པ་དང་། ༸གོང་ས་མཆོག་ནི་བོད་མིའི་མགོན་སྐྱབས་ཡིན་པ་དང་། བོད་མིར་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། སྤྱན་རས་གཟིགས་མིའི་ཤ་ཚུགས་སུ་བྱོན་པ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་༸རྒྱལ་བའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བདག་དབང་དེ་མཐའ་གཅིག་ཏུ་བོད་མི་ཚོར་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་ཉིན་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་བདུན་རེའི་དུས་དེབ་ Newsweek Magazine ཀྱི་རྩོམ་རྩིག་པ་སྐུ་ཞབས་ཏ་ཀ་གུ་ཅི་ཀེན་ཏ་ Mr Takaguchi Kenta ལགས་ཀྱི་དྲི་བར་ལན་འདེབས་གནང་།
དེ་རྗེས་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཀན་རུ་ཡི་ཅི་ཛུ་རུ་ Mrs Kanrui Chizuru ལགས་ཀྱིས་ཉིན་གུང་གསོལ་སྟོན་གོ་སྒྲིག་ཐོག་སྲིད་སྐྱོང་མཆོག་མགྲོན་དུ་ཕེབས།
ཕྱེད་ཡོལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་ཉིན་རེའི་གསར་ཤོག་གྲགས་ཆེ་ཤོས་ཨ་ས་ཧི་ཤིམ་བྷུན་ Asahi Shimbun རྩོམ་སྒྲིག་པའི་དྲི་བར་ལན་འདེབས་གནང་། ཉིན་རེའི་གསར་ཤོག་ལྟ་ཀློག་གནང་མཁན་མི་གྲངས་ས་ཡ་ ༩ ལྷག་ཡོད་འདུག སྐབས་དེར་ཉི་ཧོང་ལ་རེ་བ་ཇི་འདྲ་ཞིག་འཛིན་བཞིན་ཡོད་སྐོར་གྱི་དྲི་བར་སྲིད་སྐྱོང་མཆོག་གིས། ཉེ་ལམ་ཉི་ཧོང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་གསར་འཛུགས་གནང་ཐུབ་པ་དེས་རྒྱ་ནག་ལ་བརྡ་ལན་བཏང་བ་ཙམ་མ་ཟད། བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཞན་ཚོ་ལའང་ཉེ་ཧོང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ཀྱི་གནད་དོན་ལ་གཟིགས་སྟངས་ཇི་འདྲ་ཡིན་པའི་རྣམ་པ་གསལ་སྟོན་གནང་ཡོད། གལ་ཏེ་ཁྱེད་རྣམ་པས་འཇིགས་ཞུམ་མེད་པར་མངོན་གསལ་དོད་པོའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་ཡིན་ན་རྒྱ་མི་རིགས་ཚོས་ཀྱང་བོད་ནང་གི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་མིན་ཐད་དོ་སྣང་ཞིག་བསླེབ་ངེས་ཡིན།
དབུ་མའི་ལམ་གྱི་སྲིད་བྱུས་དེས་རང་བཙན་མ་རྩོད་པར་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རྩོད་བཞིན་ཡོད་སྟབས་ཉི་ཧོང་གཞུང་གིས་དེར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ངས་རེ་བ་ཞུ་བཞིན་ཡོད། ཅེས་སོགས་གསུངས།།