༢༠༡༧ ཟླ་ ༢ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་གི་གནའ་བོའི་རྒྱལ་ས་ཀྱོ་ཏོའི་ Kyoto ནང་རྟེན་གཞི་བྱས་པའི་ཧོན་གན་ཇི Hongwanji ནང་པའི་དགོན་པར་གནས་གཟིགས་སུ་ཕེབས་ཡོད། དགོན་པ་དེ་ནི་༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་༸སྐུ་དུས་ནས་བཟུང་བོད་དང་ཉི་ཧོང་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་གཟབ་རྒྱུན་སྐྱོང་གནང་མུས་ཡིན་ཞིང་། དེ་ཡང་༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོའི་༸སྐུ་དུས་སུ་ཉི་ཧོང་མི་རིགས་སྐུ་ཞབས་ཊ་ཌ་ཊོ་ཀན་ Tada Tokan ལགས་བོད་དུ་ཕེབས་ནས་སེ་ར་དགོན་པར་ལོ་མང་རིང་སློབ་གཉེར་གནང་མྱོང་ཡོད་འདུག
སྲིད་སྐྱོང་མཆོག་ལ་དགོན་པའི་གཙོ་འཛིན་སྐུ་ཞབས་ཆི་ཀོ་ཨི་ཝ་གྷ་མི་ Chiko Iwagami མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་མགྱོགས་མྱུར་ཐོབ་པའི་རེ་བ་དང་། བོད་མི་རྣམས་ཀྱིས་སོ་སོའི་ཐུན་མིན་ཆོས་དང་རིག་གཞུང་མུ་མཐུད་སྲུང་སྐྱོབ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྟབས་གཞོན་སྐྱེས་རྣམས་ལ་སློབ་སྦྱོང་གི་མཐུན་རྐྱེན་གང་ལེགས་སྤྲད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ནན་བརྗོད་གསུངས་པ་མ་ཟད། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྟ་བུ་བོད་མི་གཞོན་སྐྱེས་ཁྲོད་མང་ཙམ་འཐོན་དགོས་པ་པ་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས། དེ་ཡང་ཁོང་གིས་སྐབས་དེར་རྒྱ་ནག་དཔལ་འབྱོར་ཐོག་ནས་སྟོབས་ཤུགས་ཆེ་ཡང་སྤྱི་ཚོགས་སྲ་བརྟན་ཞིག་མིན་པ་དང་། བོད་མི་ཚོ་ནང་པ་སངས་རྒྱས་པ་ཡིན་སྟབས་རྒྱ་ནག་གཞུང་གི་གདུག་རྩུབ་གཉའ་གནོན་ལ་འཚེ་མེད་ཞི་བའི་ལམ་ནས་གདོང་ལེན་གནང་ཐུབ་རྒྱུ་ཡིན་པ་ཡིད་ཆེས་ཡོད་སྐོར་གསུངས།
དེ་ནས་སྲིད་སྐྱོང་མཆོག་གིས་བོད་དང་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་པའི་དགོན་པ་དེར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་དང་ཆེ་མཐོང་ཐོབ་པ་ཞིག་བྱུང་ཡོད་པ་དང་། ལྷག་པར་དགོན་པ་དེས་དེ་སྔ་༸རྒྱལ་མཆོག་༸སྐུ་ཕྲེང་ ༡༣ ཆེན་པོ་མཆོག་ལ་དད་གུས་ཞུས་པའི་གནས་སྟངས་དེ་ནི་བོད་མི་ཚོར་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ཕྱོགས་མཚུངས་དགོན་པ་དེས་བོད་མི་ཚོར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་དེས་འཛམ་གླིང་ཁྱོན་དུ་ནང་པའི་ཡུལ་གྲུ་གཞན་ཚོས་ཀྱང་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་གཏང་ངེས་ཚུལ་དང་། བོད་མི་ཚོར་མཚོན་ནའང་ཤེས་ཡོན་ཡག་པོ་དགོས་རྒྱུ་ཧ་ཅང་གལ་ཆེ་བ་མ་ཟད། ཉི་ཧོང་གི་སྐད་ཡིག་སོགས་སློབ་སྦྱོང་བྱེད་པ་བརྒྱུད་བོད་མིའི་བདེན་པའི་འཐབ་རྩོད་ལ་མུ་མཐུད་ཞབས་ཞུ་བསྒྲུབ་དགོས་སྐོར་གསུངས། སྤྱིར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགོན་པ་དེར་ཐེངས་གསུམ་གནས་གཟིགས་སུ་ཆིབས་སྒྱུར་བསྐྱང་གནང་མཛད་འདུག
སྤྱིར་དེ་ཉིན་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གྲོང་ཁྱེར་ཀྱོ་ཏོའི་ནང་རྟེན་གཞི་བྱས་པའི་མངྒ་རྒྱལ་སྤྱིའི་འགྲེམས་སྟོན་ཁང་ International Manga Museum དུ་ཕེབས་ནས་སློབ་ཕྲུག་དང་གསར་འགོད་པ་སོགས་དང་གསུང་བཤད་གོ་བསྡུར་སོགས་གནང་འདུག།