༢༠༡༧ ཟླ་ ༢ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༡ ཉིན་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་ལྟར་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་དབུ་འབྱེད་ཀྱི་མཛད་སྐོར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན།
ཐེངས་འདིའི་ཚོགས་འདུ་རིང་བཀའ་ཤག་ནས་ཞུ་རྒྱུ་ཉུང་བ་དང་། ཚོགས་བཅར་བ་རྣམ་པའི་དགོངས་ཚུལ་མང་བ་སྤུང་རྒྱུའི་ཆེད་དུ་ཆེད་མངགས་འདིར་ཚོགས་འདུ་བསྐོང་ཚོགས་གནང་བ་ཡིན་སྟབས། སྔ་དྲོར་མཁས་པ་ཁག་གིས་གསུང་བཤད་དང་། ཉིན་རྒྱབ་ཚོགས་བཅར་བ་ཚོར་བསམ་ཚུལ་གང་ཡོད་པ་དེ་དག་སྤུང་རྒྱུ་རེད།
བཀའ་ཤག་ངོས་ནས་བུད་མེད་ནུས་སྟོབས་འཕེལ་དགོས་འདུག ཅེས་ཕྱི་མ་དྲགས་ན་སྔ་ཏན་ཏན་དྲགས་མེད་བསམ་པ་དྲན་བྱུང་། འོན་ཀྱང་འགའ་ཤས་ཀྱིས་དགོངས་ཚུལ་ལ་ཚོགས་འདུ་འདི་སྔ་དྲགས་ཟེར་ན་མ་འགྲིག་ཕྱི་དྲགས་ཟེར་ན་མ་འགྲིག ལོ་གསར་ཉེ་འགྲམ་དུ་ཚ་ཚ་འུར་འུར་བྱས་ནས་སྐད་བཏང་དགོས་དོན་གང་ཡིན་ནམ་བསམ་པ་དྲན་སྲིད། ཐེངས་འདིར་བྲེལ་ཚུབ་ངང་ཚོགས་འདུ་འདི་བསྐོང་ཚོགས་ཞུ་དགོས་དོན་གནས་སྟངས་ཁ་ཤས་ཡོད། དེ་བཞིན་གཏམ་བཟང་གཅིག་གཉིས་ཡོད།
རྒྱུ་མཚན་གཅིག་ནི། སུ་ཝི་ཌེན་རོགས་ཚོགས་ SOIR-IM སྐུ་ཚབ་རྣམ་པ་འདིར་ཕེབས་འདུག ཁོང་ཚོར་བཀའ་འདྲི་ཞུ་ན་འགྲིག་གི་རེད། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་བྱེད་ཀྱི་ཡོད། ཧ་ཅང་གལ་ཆེན་པོ་འདུག འདི་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་ཞིག་འཚོགས་རྒྱུ་བྱུང་ན་ཡག་པོ་འདུག་ཅེས་བརྗོད་སྐབས་ SOIR-IM ནས་འགྲོ་གྲོན་ང་ཚོས་གཏོང་ཆོག་ཅེས་བརྗོད་བྱུང་།
དེ་དུས་ང་ཚོས་ཁས་ལེན་ཞུས་པ་ཡིན། སྔོན་རྩིས་འགྲོ་སྟངས་གཞི་བཟུང་ཕྱི་ཟླ་གསུམ་པའི་སྔོན་ལ་ཚོགས་འདུ་ཚོགས་ཐུབ་ན། ཞེས་བརྗོད་བྱུང་། ཕྱི་ཟླ་གསུམ་པའི་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་། གྲོས་ཚོགས་ཚོགས་དགོས་ཀྱི་ཡོད་སྟབས་བྱས་ཐུབ་ཐབས་མེད། དེ་བཞིན་ NCA ལ་ཞུ་དུས་སྔོན་རྩིས་འགྲོ་སྟངས་ཐོག་ནས་ཕྱི་ཟླ་གསུམ་པའི་ནང་ཁུལ་བྱེད་དགོས་ཀྱི་ཡོད། དེ་ལས་གནད་དོན་གལ་ཆེ་བ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་དེ་བོད་ཀྱི་བུད་མེད་ཉིན་མོ་ཞེས་གཞུང་འབྲེལ་སྲུང་གཙི་ཞུ་རྒྱུ་བཀའ་ཤག་ནས་ཐུགས་གཏན་འཁེལ་ཡོད། དེ་ཡང་ས་གནས་འགོ་འཛིན་རྣམ་པར་བཀོད་ཁྱབ་གནང་གྲུབ་པ་རེད།
བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་དགོས་དོན་གཙོ་བོ་ནི། སྲིད་སྐྱོང་གི་དབུས་པའི་ཕྱག་རོགས་བཀའ་བློན་རྣམ་པ་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། རྒྱ་གར་ནང་༸གོང་ས་མཆོག་གིས་བཀའ་སློབ་མང་པོ་མཇལ་ཡོད། ༸གོང་ས་མཆོག་གིས་བཀའ་སློབ་ག་དུས་སྩལ་བ་ཡིན་ནའང་བུད་མེད་ནི་གཞན་ལས་བྱམས་སྙིང་རྗེ་ཆེ་བ་ཡོད་པ་མ་ཟད། འགན་འཁུར་ཡང་མང་བ་འཁྱེར་ཐུབ་མཁན་རེད། ཅེས་དང་། དེ་བཞིན་བུད་མེད་འགོ་ཁྲིད་བྱུང་བ་ཡིན་ན། འགོ་ཁྲིད་བྱམས་སྙིང་རྗེ་ཅན་དང་། འགན་འཁུར་ཆེ་བ་འཁྱེར་ཐུབ་མཁན། འགོ་ཁྲིད་བཟང་བ་ཡོང་གི་རེད། དུས་རབས་ཉི་ཤུ་ནང་དམག་འཁྲུག་མང་པོ་བྱུང་སྟེ་མི་གསོད་ཁྲག་སྦྱོར་མང་པོ་བྱུང་བ་དེ་དག་ཆ་ཚང་སྐྱེས་པས་འགོ་ཁྲིད་བྱས་པར་བརྟེན་བྱུང་བ་ཞིག་རེད།
དུས་རབས་ ༢༡ ནང་བུད་མེད་འགོ་ཁྲིད་འཛམ་གླིང་ནང་བྱུང་བ་ཡིན་ན། ཞི་བདེའི་དུས་ཤིག་ཏན་ཏན་འཆར་གྱི་རེད། ཅེས་ད་བར་བཀའ་སློབ་སྩལ་ཡོད་སྟབས། བཀའ་ཤག་སྐབས་ ༡༤ དང་ ༡༥ ཡིན་ནའང་རེད། ༸གོང་ས་མཆོག་གིས་བཀའ་སྩལ་མཛད་ན་འཕྲལ་དུ་ལག་བསྟར་བྱེད་དགོས་རྒྱུ་ང་ཚོས་ངོ་འཛིན་ཞུ་བཞིན་ཡོད། དེ་སྔ་ཡིན་ནའང་ཞུས་མྱོང་ཡོད།
ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་བཅར་བའི་སྐབས་དེར་༸གོང་ས་མཆོག་གིས་ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཤོར་འདུག འདི་ང་ཚོས་བྱས་ཐུབ་པ་ཞིག་རེད། ཅེས་ཐུགས་ཚོར་ཤུགས་ཆེན་པོའི་ཐོག་ནས་བཀའ་སློབ་ཕེབས་ཡོད། དེར་བརྟེན་སྐབས་ ༡༤ བཀའ་ཤག་གིས་༸གོང་ས་མཆོག་གི་དགོངས་གཞི་ལྟར་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ལ་བརྩིས་པའི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡིན། ཞེས་ཞུ་དགོས་དོན་གཙོ་བོ་ཞིག་དེ་ག་རང་ཡིན། ༸གོང་ས་མཆོག་གིས་བཀའ་གནང་བ་ཡིན་ན། བཀའ་བསྒྲུབ་རྒྱུ་ང་ཚོའི་འགན་རེད།
༸གོང་ས་མཆོག་གིས་དགོངས་པར་དུས་རབས་ ༢༡ འདི་བུད་མེད་འགོ་ཁྲིད་ཀྱིས་རྒྱལ་ཁབ་སྐྱོང་བ་ཡིན་ན། ཞི་བདེའི་དུས་རབས་ཡོང་གི་རེད། ཅེས་བཀའ་སྩལ་མཛད་ཡོད་སྟབས། བཀའ་འདི་བསྒྲུབ་པར་མཐུན་རྐྱེན་སྦྱར་རྒྱུ་བཀའ་ཤག་གི་འགན་རེད། དེར་བརྟེན་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་ལག་བསྟར་བྱས་པར་གང་འདྲ་བྱེད་དགོས་རེད། ཅེས་བརྗོད་དུས་ཐབས་ལམ་གཉིས་ཡོད།
གཅིག་ནི། སྲིད་བྱུས་གཏན་འབེབས་བྱས་པ་ཡིན། ཞེས་གསལ་བསྒྲགས་བྱས་པ་ཡིན་ན། ཕྱོགས་གཅིག་ནས་བཀའ་ཤག་གི་འགན་དེ་གྲུབ་པ་རེད། འོན་ཀྱང་དེ་ལྟར་མ་བྱས་པར་བོད་ཀྱི་བུད་མེད་ཉིན་མོ་ཞེས་གཞུང་འབྲེལ་སྲུང་བརྩི་བྱས་པ་ཡིན་ན། དམིགས་བསལ་དོ་སྣང་ཡོང་རྒྱུ་དང་། ཉིན་མོ་དེར་བུད་མེད་སྐོར་བཀའ་བསྡུར་མང་པོ་གནང་རྒྱུ། སྤྱི་ཚོགས་ནང་བགྲོ་གླེང་ཡོང་རྒྱུ་ཞིག་ཡོང་ངེས་རེད།
གཉིས་པ་ནི། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་པའི་སྐབས་ས་གནས་ཁ་ཤས་ལ་གོ་རྟོགས་ཡོད་མེད་དང་། གནས་ཚུལ་ཆ་ཚང་འབྱོར་དང་མ་འབྱོར་བྱུང་བའི་ཐོག་ནས་འཐུས་ཤོར་ཕྱིན་པ་སོགས་ཚགས་ཚུད་མ་བྱུང་བ་ཡིན་ན་འགྲི་གི་མི་འདུག དེར་བརྟེན་ཕྱི་ཟླ་ ༣ ཚེས་ ༡༢ སྔོན་ལ་ཚོགས་འདུ་ཚོགས་ཐུབ་པ་ཡིན་ན། ས་གནས་འགོ་འཛིན་ཡོད་པའི་ཐོག་ས་གནས་ཁག་གི་བུད་མེད་སྐུ་ཚབ་ཆ་ཚང་གང་མང་ཡོད་པའི་ཐོག་ཚོགས་འདུ་ཚོགས་ཏེ་ཉིན་མ་གཉིས་དང་ཕྱེད་ཀའི་ནང་བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ཡོད་པའི་ཐོག་ལག་བསྟར་བྱེད་རྒྱུའི་དོན་དུ་གང་བྱེད་དགོས་རེད།
དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་པའི་སྐབས་སུ་གང་བྱེད་དགོས། དེ་དག་ཚང་མ་བཀའ་བསྡུར་ལྷུགས་པོ་བྱུང་བ་ཡིན་ན། ས་གནས་སུ་ཕྱི་ཟླ་ ༣ ཚེས་ ༡༢ རྗེས་ལག་བསྟར་བྱེད་པའི་སྐབས་ཚགས་ཚུད་པ་དང་ཁྱབ་ཆེ་བ་ཡོང་ཐུབ་ཀྱི་རེད་བསམས་པའི་ཐོག་ནས་ཕྱི་ཟླ་ ༣ ཚེས་ ༡༢ སྔོན་ལ་རྣམ་པ་འདིར་ཕེབས་རོགས་ཞེས་དང་། སྔོན་རྩིས་ཐོག་ནས་ཕྱི་ཟླ་ ༣ ཚེས་ ༡༢ སྔོན་ལ་བྱུང་བ་ཡིན་ན། ད་རེས་ས་གནས་འགོ་འཛིན་རྣམ་པ་དང་ས་གནས་ནས་ཕེབས་པའི་བུད་མེད་རྣམ་པ་ཚོ་ཚང་མས་མཁྱེན་གྱི་རེད། མཐར་སྲིད་བྱུས་ཚགས་ཚུད་བྱུང་དང་མ་བྱུང་ས་གནས་ས་ཐོག་ནས་དོ་བདག་སོ་སོ་ནས་ལག་བསྟར་གནང་རྒྱུའི་ཐོག་ནས་རགས་ལུས་ཀྱི་རེད་མ་གཏོགས་འདི་ནས་བཀོད་ཁྱབ་གཅིག་གཉིས་གཏང་བ་ཙམ་གྱི་བུད་མེད་ཀྱི་ནུས་པ་འཕེལ་ཐུབ་ཐབས་མེད། དེར་བརྟེན་རྣམ་པ་ཚོ་ཚང་མ་འདིར་ཕེབས་རོགས་ཞུས་པ་རེད།
བཀའ་ཤག་གི་ངོས་ནས་བུད་མེད་ནུས་སྟོབས་སྤེལ་བ་ཞེས་ཆེད་དུ་ཐ་སྙད་འདི་བེད་སྤྱོད་གཏོང་གི་ཡོད། དེ་ག་རང་ལག་བསྟར་བྱས་པའི་ཐོག་ནས་འགྲོ་རྒྱུ་རེད་མ་གཏོགས་ཕོ་མོ་དབྱེ་འབྱེད་ཡོད་པ་མེད་པ་བཟོ་བ་དང་། འདྲ་མཉམ་མེད་པ་ཡོད་པ་བཟོ་བ་གཙོ་བོ་གཞིར་བཞག་པའི་ཐོག་ནས་མིན། དབྱེ་འབྱེད་མི་འདུག་འདྲ་མཉམ་འདུག་ཟེར་གྱི་མེད། འདྲ་མཉམ་མེད་པ་དང་དབྱེ་འབྱེད་ཀྱི་གནད་དོན་ཡོང་གི་ཡོད། འོན་ཀྱང་དེ་གཙོ་བོར་གཞི་བཞག་པའི་ཐོག་ནས་མིན་པར་གཙོ་བོ་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་ཆེད་དུ་ཡིན། འདིར་ཁྱད་པར་ཕྲན་བུ་ཡོད། བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དུས་རྒྱུན་གྱི་འཛིན་སྐྱོང་ལག་བསྟར་ཐོག་ནས་བུད་མེད་ལ་དབྱེ་འབྱེད་སྤུ་ཙམ་ཡང་མེད་པར་ཕོ་མོ་འདྲ་མཉམ་རང་གི་ཐོག་འགྲོ་བཞིན་ཡོད་པ་མ་ཟད།
ཕྱི་ལོ་ ༡༩༦༠ ཐམ་པའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ནང་དུ་ཡིན་ན་རེད། དེ་བཞིན་ཕྱི་ལོ་ ༡༩༦༣ གྱི་བཅའ་ཁྲིམས་ནང་དུ་ཡིན་ནའང་རེད། ཕྱི་ལོ་ ༡༩༦༣ ནང་གྲོས་ཚོགས་ནང་བུད་མེད་སྐུ་ཚབ་གནང་རྒྱུ་དེ་ཡང་༸གོང་ས་མཆོག་གིས་དགོངས་པ་རྒྱ་ཆེན་པོ་བཞེས་པའི་ཐོག་ནས་དྲུག་ཅུ་རེ་གྲངས་ནས་བུད་མེད་ནུས་སྟོབས་འཕེལ་དགོས་ཀྱི་འདུག བུད་མེད་ཡིན་ནའང་འདྲ་མཉམ་ཐོག་ནས་རྩ་དོན་རྩོད་དགོས་ཀྱི་འདུག ཅེས་དགོངས་པ་ཡོད་པའི་ཐོག་ནས་ཕྱི་ལོ་ ༡༩༦༣ ལོར་གྲོས་ཚོགས་སུ་སྐུ་ཚབ་གནང་ཡོད། སུད་སི་ལྟ་བུ་ཡིན་ན། བདུན་ཅུ་དོན་གྲངས་ནང་གྲོས་ཚོགས་སུ་བུད་མེད་སྐུ་ཚབ་མེད། ད་ལྟའི་གྲོས་ཚོགས་ནང་དུའང་བུད་མེད་ཀྱི་སྐུ་ཚབ་བརྒྱ་ཆ་ ༢༠ ཡོད། ང་ཚོའི་གྲོས་ཚོགས་སུ་ཨ་རི་དང་རྒྱ་གར་གྱི་གྲོས་ཚོགས་ལས་བུད་མེད་ཀྱི་སྐུ་ཚབ་བརྒྱ་ཆ་མང་བ་ཡོད་པར་བརྟེན། དབྱེ་འབྱེད་ཡོད་པ་མེད་པ་བཟོ་བ་དང་། འདྲ་མཉམ་མེད་པ་ཡོད་པ་བཟོ་བའི་ཆེད་དུ་མིན། ང་ཚོའི་ནུས་པ་གོང་སྤེལ་གཏོང་རྒྱུའི་ཆེད་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།།