ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༧ རེས་གཟའ་པ་སངས།
༄༅།།འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ནས་ ༡༧ བར་ཉིན་ལྔའི་རིང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་ཚིག་གནད་གཅིག་བསྡུས་ཀྱི་དཔེ་རིས་ཅན་གྱི་ཨང་རྩིས་ཚིག་མཛོད་བསྐྱར་ཞིབ་དང་གཏན་འབེབས་ཀྱི་ཚོགས་འདུ་གཉིས་པ་གོ་སྒྲིག་ཞུས་ཡོད།
ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་འགན་འཁུར་བ་རྣམ་པ་དང་། ཤེས་རིག་ལས་ཁུངས་ནས་བསྐོ་བཞག་གནང་བའི་བོད་ཁྱིམ་དང་དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་བསྐྱར་ཞིབ་ཚོགས་མི་རྣམ་པ། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཉིས་བཅས་མཉམ་འཛོམས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཏན་ལ་ཕབ་པའི་གཞི་རིམ་འོག་མ་དང་། བར་མ། གོང་མ་བཅས་ཀྱི་ཨང་རྩིས་བསླབ་གཞིའི་རྩ་འཛིན་གྱི་འབྲུ་དོན་ལྟར། ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་གཏན་འབེབས་ཟིན་ཏེ་བཙན་བྱོལ་ནང་གི་བོད་སློབ་ཁག་ཏུ་ལག་བསྟར་གནང་བཞིན་པའི་སློབ་དེབ་དེ་དག་ལས་ཨིན་ཡིག་ལས་ཚིག་གནད་ཐ་སྙད་ཁག་ཟུར་འདོན་གྱིས་བོད་ཡིག་ནང་བསྒྱུར་ཟིན་པ་རྣམས་ཞིབ་བསྡུར་གྱིས་རྩོམ་སྒྲིག་ཟིན་པའི་རགས་ཟིན་ལ་སྦྱངས་བཤད་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱ་རྒྱུ་དང་འབྲེལ་མཐའ་མའི་གཏན་འབེབས་ཤེས་རིག་ཐ་སྙད་གཏན་འབེབས་ཚོགས་ཆུང་ནས་ཕྱི་ཟླ་ ༣ ནང་གཏན་འཁེལ་ཡོད།
ཚོགས་འདུ་དང་པོ་ཉེ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༡ ནས་ ༢༣ བར་ཉིན་གསུམ་རིང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གོ་སྒྲིག་ཞུས་ཡོད་པ་རེད།།