ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༤ ཉིན་ཉི་ཧོང་གྲོས་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཉི་ཧོང་གྲོས་ཚོགས་སུ་ཕེབས་སྐབས་ཉི་ཧོང་གྲོས་ཚོགས་འཐུས་མི་གཙོ་བོར་གྱུར་བའི་ཉི་ཧོང་གི་ཕྱི་འབྲེལ་སྲིད་བྱུས་སློབ་སྟོན་པ་སོགས་གནད་ཡོད་མི་སྣ་ ༧༠ ལྷག་ཙམ་མཉམ་ཞུགས་གནང་འདུག་པ་དང་། སྐབས་དེར་བོད་ཀྱི་རྒྱལ་དར་དང་ཉི་ཧོང་རྒྱལ་དར་ཡང་མཉམ་སྒྲིག་གནང་ཡོད།
དེ་སྔའི་ཉི་ཧོང་ཤེས་རིག་བློན་ཆེན་དང་ད་ལྟའི་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷུན་Shimomura Hakubun ལགས་ཀྱིས་རྒྱལ་སྤྱིའི་སྟེང་བོད་ཀྱི་ནང་པའི་རིག་གཞུང་དར་ཁྱབ་འགྲོ་བཞིན་ཡོད་པ་དང་། རིག་གཞུང་འདིས་གོ་ལའི་རྕོད་རྙོག་གི་དཀའ་ངལ་སེལ་སླད་ཕན་ཐོགས་ཡོད་པ་ཞིག་ཡིན་སྟབས་ངེས་པར་དུ་མི་ཉམས་རྒྱུན་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཅེས་གསུངས་འདུག
དེ་ནས་ཉི་ཧོང་གཞུང་གི་སྲིད་བྱུས་སློབ་སྟོན་པ་དང་རང་དབང་མང་གཙོ་ཚོགས་པའི་གཞུང་འཛིན་ལྕམ་ཡོ་ཤི་ཀོ་ས་ཀུ་རའི་ Ms Yoshiko Sakurai ལགས་ཀྱིས་ཉི་ཧོང་ནི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། བཟང་སྤྱོད་ལ་གུས་བརྩི་ཞུ་མཁན་ཞིག་ཡིན་ཅེས་དང་། ཉི་ཧོང་གིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་དང་ལྷན་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རྣམ་གཉིས་ཉི་ཧོང་དུ་ག་དུས་ཕེབས་ཀྱང་གྲོས་ཚོགས་སུ་གདན་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རྣམ་གཉིས་ཉི་ཧོང་གྲོས་ཚོགས་སུ་གདན་ཞུ་གནང་བ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་གལ་ཆེན་པོ་ཞིག་སྤྲད་ངེས་ཡིན་ཅེས་གསུངས་འདུག
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མི་ ༨༧ ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཉེ་ལམ་གསར་འཛུགས་ཐུབ་པར་འཚམས་འདྲི་དང་སྦྲགས་གསུང་དོན། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ད་བར་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་གྲོས་ཚོགས་འཐུས་མི་མང་ཤོས་ཡོད་པ་ཞིག་ཆགས་ཡོད་པར་བརྟེན། བོད་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་རེ་བ་དང་སྙིང་སྟོབས་སྤེལ་རྒྱུའི་བརྡ་ལན་ཞིག་སྤྲད་ངེས་ཡིན་ཞེས་དང་། ལྷག་པར་སྲིད་སྐྱོང་མཆོག་གིས་ཉེ་ལམ་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཤིན་ཛོ་ཨ་བྷེ་ Shinzo Abe མཆོག་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ Donald Trump མཆོག་དང་མཇལ་འཕྲད་བྱུང་བར་འཚམས་འདྲི་གནང་བ་དང་ཆབས་ཅིག་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གིས་ཉི་ཧོང་གཞུང་ནས་ཨ་རི་དང་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་ལ་གཟིགས་རྟོགས་གནང་རྒྱུ་ཡིན་གསུངས་པ་བཞིན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
གཞན་ཡང་བོད་ནང་གི་གནས་སྟངས་དང་འབྲེལ་སྲིད་སྐྱོང་མཆོག་གིས་ལོ་རྒྱུས་ཀྱི་ཐོག་ནས་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་དང་སྐབས་ཞིག་ལ་བོད་ཀྱི་མངའ་ཐང་རྒྱས་པའི་དུས་སུ་ཤར་རྒྱ་ནག་དང་། དབུས་དང་ལྷོ་ཨེ་ཤི་ཡ་སོགས་ཀྱི་བར་དུ་རྒྱ་བསྐྱེད་བྱུང་བ་ལོ་རྒྱུས་སུ་གྲགས་ཡོད། འོན་ཀྱང་ད་ལྟའི་བོད་དེ་རྒྱ་ནག་གིས་དབང་སྒྱུར་དང་དྲག་གནོན་རྐྱེན་པས་ཆབ་སྲིད་གཉའ་གནོན་དང་། དཔལ་འབྱོར་ཟུར་ཕུད། སྤྱི་ཚོགས་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད་སོགས་ཀྱི་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་བོད་ནང་ཆོས་དད་རང་དབང་ཡོད་ལུགས་བཤད་བཞིན་ཡོད་ཀྱང་། དོན་དངོས་ཐོག་གསེར་རྟ་བླ་རུང་ཆོས་སྒར་སོགས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་གཏོང་བཞིན་པ་དེ་ནས་ཆོས་དད་རང་དབང་ཡོད་མེད་གསལ་པོར་མངོན་ཐུབ་ཅེས་གསུངས་འདུག
དེ་བཞིན་ཆོས་དད་ལ་གུས་བརྩི་གང་ཡང་མེད་མཁན་རྒྱ་ནག་དམར་ཤོག་རིང་ལུགས་ལ་༸སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་དང་ཁྲིམས་ཐོག་ནས་དབང་ཆ་གང་ཡང་མེད་ཅེས་དང་། བོད་ཀྱི་ཁོར་ཡུག་ཐོག་ནས་གོ་ལ་སྤྱིར་གནད་འགག་དང་ལྷག་པར་ཨེ་ཤི་ཡའི་ཡུལ་གྲུ་ཁག་ལ་ཆུའི་ཐོན་ཁུངས་ཀྱི་ཆ་ནས་གལ་གནད་ཇི་ཙམ་ཆགས་པ་སོགས་ཀྱི་གསུང་བཤད་གནང་འདུག །