ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་གི་གསར་འགོད་པ་དང་། རྩོམ་སྒྲིག་པ། བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༣༠༠ ཙམ་ལ་གསུང་བཤད་གནང་འདུག
དེ་ཡང་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གཞུང་ལ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་ཀྱི་ཐབས་ལམ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་དང་སྦྲགས་གསུང་དོན། ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་བོད་ནང་རང་སྲིད་རང་སྐྱོང་ཐོབ་ཐབས་བྱེད་བཞིན་ཡོད། དེ་སྔ་ཨ་རིའི་སྲིད་འཛིན་ཟུར་པ་བྷ་རག་ཨོ་བྷ་མ་Barack Obama མཆོག་༧གོང་ས་མཆོག་དང་ལྷན་མཇལ་འཕྲད་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་ཟླ་ཆགས་ཀྱི་མེད་སྟབས་རྒྱབ་སྐྱོར་མུ་མཐུད་ཤུགས་ཆེ་གནང་ཡོད། ཁྱེད་ཚོའི་རྒྱབ་སྐྱོར་ནི་བོད་མི་ས་ཡ་དྲུག་ལ་རྒྱབ་སྐྱོར་ཙམ་མ་ཡིན་པར་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་བོད་ཀྱི་ཁོར་ཡུག་བཅས་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་ཀྱོ་ཌོ་གསར་འགྱུར་སྡེ་ཚན་གྱི་བཅར་དྲིར་ལན་འདེབས་གནང་དོན། ཨ་རིའི་སྲིད་འཛིན་ Trump མཆོག་གིས་ཀྱང་དེ་སྔའི་ཨ་རིའི་སྲིད་འཛིན་ལྟར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་དང་། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བའི་རེ་བ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ Rex Tillerson མཆོག་གིས་པེ་ཅིང་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་བམ་བོད་མིའི་སྒྲིག་འཛུགས་དབར་གྲོས་མོལ་ཡོང་ཐབས་མུ་མཐུད་འབད་བརྩོན་ཡོང་སྐོར་དང་། དེ་བཞིན་བོད་ནི་ཨེ་ཤི་ཡའི་ནང་རྒྱུག་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཆགས་ཡོད་པ་དང་། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཆུའི་འབྱུང་ཁུངས་བོད་དེ་རྒྱ་ནག་གི་དཀའ་ངལ་ཞིག་ཆགས་མེད་ཅིང་། སེང་གེ་ཁ་འབབ་ཀྱི་གཙང་ཆུ་བརྒྱ་ཆ་ ༤༠ བོད་ཀྱི་འཁྱགས་རོམ་ནས་འབྱུང་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་རྒྱུག་པའི་འབྲི་ཆུ་དང་རྨ་ཆུ། དེ་བཞིན་ཝེ་ཐི་ནམ་ནང་རྫ་ཆུ། རྒྱ་གར་དང་བངྒ་ལ་དེཤ་ནང་ཡར་ཀླུངས་གཙང་པོ་སོགས་ཀྱི་འབྱུང་ཁུངས་དེ་ཡང་བོད་ཆགས་ཡོད་སྐོར་གསུངས་འདུག
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཊོག་ཡོར་བོད་རིགས་ཚོ་ཟུར་དུ་ཐུགས་འཕྲད་ཡང་གནང་སྟེ། བཀའ་ཤག་སྐབས་ ༡༥ པའི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་ངོ་སྤྲོད་གནང་བ་མ་ཟད། བོད་མིའི་ངོ་བོ་སྲུང་སྐྱོབ་ཆེད་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དེ་དག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་གསུང་བཤད་གནང་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་ནང་ཆབ་སྲིད་གཉའ་གནོན་དང་། རིག་གཞུང་རྩ་གཏོར། དཔལ་འབྱོར་ཟུར་ཕུད། མི་རིགས་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་སོགས་ཀྱི་དཀའ་ངལ་དེ་དག་སེལ་རྒྱུར་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་བསྐྱར་གསོ་ཐུབ་རྒྱུར་བཀའ་ཤག་ནས་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་ཅེས་སོགས་གསུངས་འདུག །