༢༠༡༧ ཟླ་ ༢ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༠ ཉིན་བཏང་གནས་ནང་འཁོད་དོན། ཐེ་ཝན་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐེངས་ ༢༥ པ་དེ་སྤྱི་ཟླ་ ༢ ཚེས་ ༨ ནས་ ༡༣ བར་ཐེ་པེ་འཛམ་གླིང་ཚོང་འབྲེལ་ཁང་ཆེན་གྱི་ཚོམས་ཆེན་དང་པོ་དང་གསུམ་པའི་ནང་ཤིན་ཏུ་གཞི་རྒྱ་ཆེ་ཞིང་གྲ་རྒྱས་ངང་འགོ་འཛུགས་གནང་ཞིང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་སྟངས་འཛིན་གནང་བའི་གངས་ལྗོངས་དཔེ་སྐྲུན་ཁང་ཡང་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་དཔེ་དེབ་འགྲེམས་སྟོན་ནང་གངས་ལྗོངས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་གནང་བ་བོད་དང་འབྲེལ་བའི་དེབ་ཕྲེང་ཁྱོན་གྲངས་ ༢༥ སྒྲིག་བཤོམས་གནང་ཡོད་པ་རེད།
ཕྱི་ཚེས་ ༩ ཉིན་རྒྱབ་ཆུ་ཚོད་ ༡ ཐོག་གངས་ལྗོངས་དཔེ་སྐྲུན་ཁང་ནས་ཉེ་ཆར་དཔར་སྐྲུན་གནང་བའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་བརྙན་དེབ་ཁག་གཉིས་དབུ་འབྱེད་གནང་། གཙོ་སྐྱོང་གནང་མཁན་གྱིས་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་ཡིན་མིན་དང་། བོད་ཀྱི་སྤྱི་ཚོགས་ཞིང་བྲན་ལམ་ལུགས་ཡིན་མིན། བོད་མིར་ཆོས་ལུགས་གལ་ཆེའི་རང་བཞིན། བོད་མིའི་གཤིས་ཀ བོད་ནང་གི་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་དོན། ༸གོང་ས་མཆོག་ཐེ་ཝན་དུ་ཆིབས་སྒྱུར་སྐོར་སོགས་ཀྱི་དྲི་བ་ཁག་ལ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དོན་ཚན་རེ་རེ་བཞིན་དོན་གསལ་གོ་བདེའི་ལན་འདེབས་སྙིང་བསྡུས་གནང་རྗེས། ཀུན་གསལ་འོད་སྣང་དུས་དེབ་རྩོམ་སྒྲིག་པ་ལྕམ་ལུའུ་ཧུད་ཅོན་ལགས་ཀྱིས་བརྙན་པར་བརྒྱུད་རང་ལུས་མེར་སྲེག་གནང་མཁན་བོད་མི་ཚོའི་དགོས་འདུན་དང་། ཞལ་ཆེམས། འབོད་ཚིག་སོགས་ངོ་སྤྲོད་ཆུ་ཚོད་གཅིག་ཙམ་རིང་དང་། དེ་བཞིན་བོད་ནང་རྒྱ་གཞུང་གིས་༸གོང་ས་མཆོག་ལ་སྐུར་འདེབས་དང་། ཆོས་ལུགས་གཏོར་བཤིག བཙན་བྱོལ་བོད་མིའི་གནང་སྟངས། ཐེ་ཝན་ནང་བོད་མིར་རྒྱབ་སྐྱོར་གྱི་ལས་འགུལ་སོགས་ངོ་སྤྲོད་གནང་མཇུག་འདི་ལོ་ཐེ་ཝན་ནང་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་ཐེ་ཝན་མི་མང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས།
ལས་རིམ་གཉིས་པ་ཕྱི་དྲོ་ཆུ་ཚོད་ ༣།༣༠ ནས་དུས་ཡུན་སྐར་མ་ ༧༠ ཙམ་རིང་། དེང་དུས་སྤྱི་ཚོགས་དྲྭ་རྒྱའི་ཐད་གཏོང་བརྙན་འཕྲིན་ཐོག་གངས་ལྗོངས་དཔེ་སྐྲུན་ཁང་གི་དཔེ་དེབ་ངོ་སྤྲོད་ཀྱི་ལེ་ཚན་ནང་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། ལྕམ་ལུའུ་ཧུད་ཅོན་ལགས་ཕན་ཚུན་བགྲོ་གླེང་གི་ལམ་ནས་གཙོ་བོ་གངས་ལྗོངས་དེབ་ཕྲེང་བརྒྱད་པ་ཟུངས་ཁྲག་གི་མཆོད་པ་ཞེས་པའི་དཔེ་དེབ་བརྗོད་གཞི་གཙོ་བོར་བཟུང་ནས་བོད་ནང་གི་བོད་མིས་སྔ་བར་ཕྱི་གསུམ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཁག་དང་། བཙན་བྱོལ་ནང་བོད་མིས་གཙོ་བོ་ཆོས་དང་རིག་གཞུང་གང་འདྲ་བྱས་ནས་སྲུང་སྐྱོབ་བྱས་ཡོད་ལུགས། བོད་རྒྱའི་དཀའ་ངལ་སེལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་པ་རེད།
གཞུང་འབྲེལ་མིན་པའི་ཚོགས་པ་བཅུ་དགུ་མཉམ་དུ་འདུས་པའི་སྤྱི་དམངས་དཔེ་དེབ་གླེང་སྟེགས་ཞེས་པའི་ལས་འགུལ་འདི་བཞིན་སྡེ་ཁག་གཉིས་སུ་དབྱེ་ནས་དཔེ་དེབ་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། སྡེ་ཚན་དང་པོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནང་མཉམ་ཞུགས་དང་། གལ་སྲིད་སྒོ་འཛིན་ཉོ་རྒྱུར་དཀའ་ངལ་ཡོད་པའི་མི་མང་རྣམས་སྒོ་འཛིན་མི་དགོས་པའི་རྫོའོ་སྒྲོན་དེབ་ཁང་ཞེས་པའི་ནང་དཔེ་དེབ་འགྲེམས་སྟོན་དང་། དགོང་དྲོ་ལེགས་སྦྱར་སོགས་ལ་མཉམ་ཞུགས་བྱ་རྒྱུ་ཡོད་པ་རེད།
ཐེངས་འདིའི་ཐེ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་རྒྱལ་ཁབ་གྲངས་ ༥༩ དང་། ཐེ་ཝན་གྱི་དཔེ་སྐྲུན་ཁང་གྲངས་ ༦༢༡ བཅས་མཉམ་ཞུགས་ཀྱིས་ཁྱོན་ཁྲོམ་རྭའི་སྤྱིལ་བུ་གྲངས་ ༡༧༨༠ ཙམ་ཡོད་པ་རེད། ཐེ་ཝན་རིག་གཞུང་ལྷན་ཁང་ནས་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་ ༡༩ ལ་རྒྱལ་སྤྱི་དང་། ཐེ་ཝན་གྱི་ཆེད་ལས་དཔེ་སྐྲུན་ཁང་གཞན་དང་འདྲ་མཉམ་ཐོག་སྡིངས་ཆ་གཅིག་ཐོག་མཉམ་ཞུགས་ཐུབ་རྒྱུར་རིན་མེད་ཐོག་ཐེ་པེ་འཛམ་གླིང་ཚོང་འབྲེལ་ཁང་ཆེན་གྱི་ཚོམས་ཆེན་དང་པོ་ནང་ནས་འགྲེམས་སྟོན་དང་གསར་འགོད་ལྷན་ཚོགས་བསྐོང་སའི་ས་ཆ་ཟུར་དུ་གླས་ཏེ་མཁོ་སྤྲོད་གནང་ཡོད་པ་བཅས།།