༢༠༡༧ ཟླ་ ༢ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ ༢༠༡༧ ཟླ་ ༢ ཚེས་ ༢ ཉིན་འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སྤྱི་ཟླ་ ༢ ཚེས་ ༡ རེས་གཟའ་ལྷག་པའི་ལྷག་དཀར་ཉིན་མོར་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པས་གཙོ་འགན་དང། ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་། ཐེ་སྡོད་བོད་རིགས་ཚོགས་པ། ཐེ་ཝན་བོད་ཀྱི་ས་གནས་གཞོན་ནུ་སོགས་གཞུང་འབྲེལ་མིན་པའི་ཚོགས་ཁག་བཅོ་ལྔ་ཙམ་མཉམ་འབྲེལ་ཐོག་ལག་གདང་སྦྲེལ་ནས་བོད་སྐྱོབས། ཞེས་པ༷འི་འབོད་ཚིག་གིས་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་རྐང་འཁོར་བཞོན་ཏེ་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་སྔོན་འགྲོའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་བ་རེད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཐེ་ཝན་ ༢༢༨ ཞི་བདེའི་དྲན་རྟེན་སྤྱི་གླིང་སྒོ་འགྲམ་ནས་འགོ་འཛུགས་གནང་བ་དང་། ཆུ་ཚོད་ ༡༠ ཐོག་ཐེ་ཝན་རང་དབང་ཐང་ཆེན་མདུན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པ་འགོ་འཛུགས་གནང་མཁན་གྲས་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ལས་འགུལ་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་བ་དང། རིམ་པས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy lim ལགས་ཀྱིས་གཙོས་ཐེ་ཝན་བོད་དོན་རྒྱབ་སྐྱོར་བ་དང་། བོད་མི་སློབ་ཕྲུག་སོགས་ནས་གཏམ་བཤད་སྤེལ།
གྲོས་ཚོགས་འཐུས་མི་ Freddy Lim ལགས་ཀྱིས་གསུང་དོན། ཐེ་ཝན་ནི་རང་དབང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པས། དེང་སྐབས་རྒྱལ་སྤྱིའི་ཐོག་སྐྱབས་བཅོལ་བའི་གནས་བབ་ཐོག་དོ་སྣང་ཤུགས་ཆེ་བྱེད་པའི་དུས་དང་མཉམ་དུ་གཞན་ལ་རོགས་པ་བྱེད་རྒྱུ་ཡིན་གནས་སོགས་གསུངས། མཇུག་ཏུ་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གྲུབ་རྗེས་མུ་མཐུད་རྐང་འཁོར་སྐོར་བསྐྱོད་གནང་ནས་རྒྱ་ནག་གི་དངུལ་ཁང་ཐོག་བརྩེགས་མདུན་དུ་འབྱོར་སྐབས་ལས་འགུལ་བ་རྣམས་ཀྱིས་སྐད་གསང་མཐོན་པོས་བོད་མིར་རང་དབང་སྤྲོད་དགོས་སོགས་པའི་འབོད་ཚིག་སྒྲོག་པ་དང། ལས་འགུལ་གོ་སྒྲིག་གནང་མཁན་གྱིས་ངོ་སྤྲོད་གནང་དོན། ཐེ་ཝན་ནང་རྒྱ་ནག་གི་གཞུང་ཚབ་ཁང་མེད་དུས་རྒྱ་ནག་གི་དངུལ་ཁང་མདུན་དུ་འཛོམས་ནས་རྒྱ་ནག་གཞུང་གིས་ཤེས་རྟོགས་ཡོང་ཆེད་ཡིན་པ་ལས། རྒྱ་ནག་གི་དངུལ་ཁང་ལ་ངོ་རྒོལ་བྱས་པ་ཞིག་མིན་སོགས་བརྗོད། མཐའ་མ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་ཡོང་ས་ཐེ་ཝན་ ༡༠༡ཐོག་བརྩེགས་ཁང་ཆེན་མདུན་ཐང་དུ་འཛོམས་ནས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོས་གཏམ་བཤད་དང། དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་སོགས་གནང་སྟེ་ཆུ་ཚོད་ ༡༢ ཐོག་ལས་འགུལ་མཇུག་འགྲིལ།
ལས་འགུལ་གོ་སྒྲིག་གནང་མཁན་གྱིས་ངོ་སྤྲོད་གནང་དོན། ཐེངས་འདིའི་ལྷག་དཀར་ཉིན་མོ་ནས་བཟུང་གསུམ་བཅུའི་དུས་དྲན་གོང་གི་ལྷག་དཀར་ནམ་ཡིན་ལ་མུ་མཐུད་རྐང་འཁོར་སྐོར་བསྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་ཡིན་པས། ཐེངས་འདིར་རྐང་འཁོར་བཞོན་མཁན་མི་གྲངས་ ༣༠ ཡིས་མཉམ་ཞུགས་གནང་ཡོད་པས་མུ་མཐུད་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས།
ཐེངས་འདིར་ཐེ་ཝན་གྱི་བརྙན་འཕྲིན་དང་། ཚགས་ཤོག་ཆེ་ཁག་གི་གསར་འགོད་པས་དོ་སྣང་དང། ལྷག་པར་ལས་འགུལ་བའི་བདེ་འཇགས་དང། གཞུང་ལམ་ཤར་གཏོང་ཡོང་ཆེད་ལས་འགུལ་འགོ་ནས་མཇུག་བར་ཐེ་ཝན་ཉེན་རྟོག་པས་གཞུང་འབྲེལ་ཐོག་རོགས་རམ་གནང་ཡོད་པ་རེད།།