༢༠༡༧ ཟླ་ ༢ ཚེས་ ༡༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཏི་ལང་ག་ན་ Telengana མངའ་སྡེའི་རྒྱལ་ས་ཧེ་དར་བྷ་ཏི་ Hyderabad ར་ཇིབ་གཱན་དི་རྒྱལ་སྤྱིའི་གནམ་ཐང་ Rajiv Gandhi International Airport དུ་༸ཞབས་སོར་བདེ་བར་འཁོད་འདུག
ཉིན་གུང་ལྗགས་སྨིན་གྲུབ་མཚམས་༸གོང་ས་མཆོག་གིས་སར་དཱར་བྷལ་ལ་བྷ་ཡི་པ་ཊེལ་རྒྱལ་ཡོངས་སྐོར་སྲུང་ཉེན་རྟོག་ཤེས་ཡོན་བསྟི་གནས་ཁང་ Sardar Vallabhbhai Patel National Police Academy ཞེས་པ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་སྐབས་བསྟི་གནས་ཁང་གི་ངེས་སྟོན་པ་ལྕམ་སྐུ་ཨ་རུ་ན་བྷ་ཧུ་གུ་ན་མཆོག་གིས་ Aruna Bahuguna ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ནས་ཐོག་མར་༸གོང་ས་མཆོག་གིས་ཤིང་སྣ་འདེབས་འཛུགས་མཛད་རྗེས་དཔའ་བོ་རྗེས་དྲན་གྱི་རྡོ་རིང་གི་མདུན་དུ་ཐུགས་སྨོན་མཛད་རྗེས། དེ་ནས་ཚོགས་ཁང་ནང་ཆིབས་སྒྱུར་བསྐྱངས། ཚོགས་ཁང་ནང་དུ་སྐོར་སྲུང་ཉེན་རྟོག་པ་མི་གྲངས་ ༢༠༠ ༸གོང་ས་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས། དེ་ཁོངས་ནས་སྐོར་སྲུང་ཉེན་རྟོག་ ༡༥ འབྲུག་Bhutan མལ་དིབ། Maldives བལ་ཡུལ་ Nepal བཅས་ནས་ཡིན་འདུག
སྐབས་དེར་༸གོང་ས་མཆོག་གིས་སྐོར་སྲུང་ཉེན་རྟོག་པ་རྣམས་ཀྱང་འགྲོ་བ་མི་རིགས་གཅིག་མཚུངས་ཤིག་ཡིན་སྟབས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་གཞན་ལ་བྱམས་བརྩེའི་ཉམས་ལེན་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་རྒྱ་གར་ལྟ་བུ་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱི་སྒྲིག་འཛུགས་དང་ཁྲིམས་སྲུང་སྐྱོབ་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས་དྲང་པོ་དང་ལྷག་བསམ་རྣམ་དག་ཐོག་ནས་ཡུལ་ཁྲིམས་སྲུང་སྐྱོབ་བྱེད་དགོས་པ་དང་། ཉམ་ཐག་རྣམས་ཀྱི་མགོན་སྐྱབས་བྱེད་ཐུབ་པ་ཞིག་དགོས་དང་། སྤྱིར་མགོན་པོ་གང་ཉིད་མཆོག་ཨམྲ་ཝ་ཏིར་ནང་པའི་གནས་ཆེན་དེར་ཆིབས་སྒྱུར་བསྐྱང་རྒྱུའི་འདུན་པ་བྱུང་ཡང་༸སྐུ་ཐང་ཆད་པར་བརྟེན་དེ་ལྟར་མ་ཐུབ་པ་དང་། བོད་ཀྱི་ཆོས་རྒྱལ་གོང་མ་ཚོས་རྒྱ་ནག་དང་ས་འབྲེལ་ཡིན་བཞིན་དུ་ཆོས་དེ་རྒྱ་གར་ནས་གདན་འདྲེན་ཞུས་ཡོད་སྐོར་སོགས་ཀྱི་བླང་དོར་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་མཛད།
སང་ཉིན་ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་ལྷོ་ཨེ་ཤི་ཡའི་ཏཱ་ལའི་བླ་མའི་བཟང་སྤྱོད་ཐེབས་རྩ་ཁང་ Dalai Lama Centre For Ethics and Transformative Values གསར་བཞེངས་ཆེད་རྨང་གཞིའི་རྩིག་རྡོ་འདིང་གནང་མཛད་རྒྱུ་དང་།
སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཅནྡྲ་ཤེ་ཁར་རའོ་ Shri K Chandrashekar Rao མཆོག་དང་མངའ་སྡེའི་བློན་ཆེན་ཀེ་ཊི་རཱ་མ་རའོ་ KT Raman Rao མཆོག་གིས་གཙོས་གནད་ཡོད་མི་ཁག་གཅིག་ལྷན་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་ KT Raman Rao མཆོག་གིས་ཕྱི་ཚེས་ ༩ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་གསུང་དོན། ལྷོ་ཨེ་ཤི་ཡའི་ཏཱ་ལའི་བླ་མའི་བཟང་སྤྱོད་ཐེབས་རྩ་ཁང་དེ་རྒྱལ་ས་ཧེ་དར་བྷ་ཏིའི་ནང་བཞེངས་རྒྱུའི་ཐག་གཅོད་མཛད་པ་དེས་ང་ཚོར་ཆེ་མཐོང་ཐོབ་པ་ཞིག་བྱུང་། ཞེས་གསུངས།།