༢༠༡༧ ཟླ་ ༢ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༦ ཉིན་སྔ་དྲོ་ཐོག་མར་རྒྱལ་ས་ལྡི་ལིའི་བྷང་ལ་ས་ཧིབ་གུ་རུདྭར་ Bangla Sahib Gurudwara ཞེས་པའི་ཉེ་འགྲམ་དུ་ནང་རྟེན་གཞི་བྱས་པའི་ཡེ་ཤུའི་ལྷ་ཁང་ Convent of Jesus and Mary ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ནས་ཁུལ་དེར་༸ཞབས་སོར་འཁོད་སྐབས་རྒྱ་གར་སློབ་གྲྭ་འདྲ་མིན་ ༨༠ ནས་ཕེབས་པའི་སློབ་ཕྲུག་ ༡༣༠༠ རྣམས་ཀྱིས་ལག་ཏུ་རྒྱ་གར་རྒྱལ་དར་རེ་བཟུང་ནས་གྱོན་ཆས་གཟབ་མཆོར་ལེགས་པར་སྤྲས་ཏེ་སྲོལ་རྒྱུན་གྱི་རིག་གནས་གཅེས་སྐྱོང་ཚོགས་པའི་ ITAHAAS ཚོགས་གཙོ་ལྕམ་སྐུ་སི་མི་ཏ་ཝཏྶ་ Smita Vats founder མཆོག་དང་ལྷན་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
གཅེས་སྐྱོང་ཚོགས་པ་དེ་ནི་རྒྱ་གར་གཞོན་སྐྱེས་ཁྲོད་སྲོལ་རྒྱུན་གྱི་རིག་གནས་དང་ལེགས་བྱང་ལ་དོ་སྣང་བྱེད་རྒྱུ་རིམ་བཞིན་ཉམས་ཆག་འགྲོ་བཞིན་པའི་གནས་སྟངས་ལ་གཟིགས་ནས་ཆེད་མངགས་རྒྱ་གར་མི་རབས་གཞོན་པ་རྣམས་ལ་རང་གི་ཕ་མེས་ནས་བརྒྱུད་པའི་གནའ་རབས་ཀྱི་ལེགས་བཤད་སྐོར་སློབ་གསོ་སྤྲོད་རྒྱུའི་ཆེད་དུ་བཙུགས་པ་ཞིག་ཡིན་འདུག
དེ་ཡང་མཛད་སྒོའི་ཐོག་མར་སློབ་ཕྲུག་ཁག་གཅིག་གིས་༸གོང་ས་མཆོག་ལ་བསྟོད་གླུ་འབུལ་བཞིན་དུ་དེང་དུས་རི་མོ་བ་སྐུ་ཞབས་ཝི་ལ་སི་ནེག་ Vilas Naik ལགས་ཀྱིས་༸གོང་ས་མཆོག་གི་སྐུའི་གཟུགས་བརྙན་གྱི་བཀོད་པ་ཞིག་བྲིས།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་འགྲོ་བ་མི་རིགས་ཐེར་འབུམ་བདུན་གྱི་ཆ་ཤས་ཤིག་ཡིན། ང་ཚོ་ཚང་མ་རང་གི་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་གཅིག་མཚུངས་རེད། དེར་བརྟེན་ང་ཚོ་ཐོག་མར་སྐྱེས་སྟངས་དང་མཐར་འཆི་སྟངས་ཀྱང་གཅིག་མཚུངས་རེད། ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན། དེ་བཞིན་ཚོར་བ་བདེ་སྡུག་མྱོང་མཁན་གཅིག་པ་རེད། དེ་ལྟར་ནའང་ང་ཚོས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་དེ་ཡལ་བར་དོར་ནས་སྐབས་རེ་འགྲོ་བ་མི་རིགས་གཞན་རྣམས་རང་གི་སྤུན་མཆེད་ཕོ་མོའི་བསམ་བློ་དེ་དྲན་པའི་ཡུལ་ལས་བརྗེད་ནས། རིམ་པ་དང་པོ་གཞི་རིམ་ཐོག་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་ཀྱང་དེ་རིམ་བཞིན་སྣང་མེད་ལྟ་བུར་བཞག་ནས་ཕན་ཚུན་རྒྱལ་ཁབ་དང་ཆོས་ལུགས། རིགས་རུས་མི་འདྲ་བ་སོགས་རིམ་པ་གཉིས་པའི་གནས་སྟངས་དེར་ཧ་ཅང་ཞེན་ནས་ང་ཚོ་དང་ཁོ་པ་ཚོ། ཞེས་འདུ་ཤེས་དེ་འདྲ་ཞིག་འཛིན་པར་བརྟེན་མཐར་རྙོག་གྲ་ཡོང་བཞིན་ཡོད།
ང་ཚོས་སོ་སོ་རང་ཉིད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལྟར་མི་གཞན་དེ་ཡང་རང་ཉིད་དང་མཚུངས་པར་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་རེད་སྙམ་པའི་ཀུན་སློང་དེ་འདྲ་ཞིག་འཛིན་ཐུབ་པ་ཡིན་ན་ད་ལྟ་འཕྲད་བཞིན་པའི་འགྲོ་བ་མི་སྡེའི་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་རྒྱུ་རེད། བྱིས་པ་ཆུང་ཆུང་སྐྱེས་ནས་བདུན་ཕྲག་འགའ་ཤས་ལས་མ་སོང་བ་ཚོར་མའི་ལུས་པོའི་བྱམས་སྐྱོང་གི་ཚོར་བ་ངེས་པར་དུ་དགོས་པ་དང་། དེ་འདྲ་བྱུང་ན་ཕྲུ་གུ་དེའི་ཀླད་པའི་འཚར་ལོངས་ཡག་པོ་ཞིག་ཡོང་བར་ཕན་ཐོགས་ཧ་ཅང་ཡོད་སྐོར་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་ཤེས་རྟོགས་ཐུབ་པ་བྱུང་ཡོད། དུས་སྐབས་དེའི་རིང་མའི་བྱམས་སྐྱོང་ཐོབ་མཁན་གྱི་ཕྲུ་གུ་དེ་ཕྱིས་སུ་མི་སེམས་སྐྱིད་པ་ཞིག་དང་བག་ཕེབས་ཀྱི་བསམ་བློ་ལྡན་པ་ཞིག་ཡོང་རྒྱུ་ཡིན་པ་དང་། རྟག་ཏུ་ཁོང་ཁྲོ་དང་འཇིགས་སྣང་བྱེད་ནས་བསྡད་པ་ཡིན་ན་ལུས་པོའི་ནད་འགོག་བྱེད་ཀྱི་ཟུངས་དེ་ཉམས་ཆག་འགྲོ་རྒྱུ་ཡིན་པ་དང་། དེ་ལས་ལྡོག་སྟེ་བྱམས་བརྩེའི་བློ་དེས་ལུས་ཀྱི་ཟུངས་རྒྱས་པར་ཕན་ཐོགས་ཡོད་ཚུལ་ཚན་རིག་པས་བརྗོད་བཞིན་ཡོད། ཅེས་སོགས་ཀྱི་བླང་དོར་བཀའ་སློབ་སྩལ་བསྟུན་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་སྩལ།
ལས་རིམ་ཡོངས་སུ་ལེགས་པར་གྲུབ་མཚམས་རི་མོ་བ་སྐུ་ཞབས་ཝི་ལ་སི་ནེག་ Vilas Naik ལགས་ལ་འཚམས་འདྲི་མཛད་པ་མ་ཟད། ༸གོང་ས་མཆོག་གིས་རི་མོ་དེའི་འོག་ཏུ་མཚན་རྟགས་ཀྱང་འགོད་གནང་མཛད།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་རྒྱ་གར་གྱི་གསར་འགོད་པ་གྲགས་ཅན་སྐུ་ཞབས་ཤེ་ཁར་གུཔྟཱ་ Shekhar Gupta ལགས་ཀྱི་བརྙན་འཕྲིན་ལས་རིམ་ Off the Cuff ཞེས་པའི་བཅའ་འདྲིར་དང་ལེན་མཛད་སྐབས་ཟུར་ཉན་མི་གྲངས་ ༡༥༠ ཕེབས་འདུག སྐབས་དེར་སྐུ་ཞབས་གུཔྟཱ་ལགས་ཀྱིས་ཐོག་མར་༸གོང་ས་མཆོག་ཐུགས་ཞི་བདེ་བག་ཕེབས་ངང་ཇིལྟར་གནས་ཐུབ་མིན་སྐོར་གྱི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་སྲོལ་རྒྱུན་དཔལ་ནཱ་ལེནྡྲའི་སློབ་མ་ཞིག་ཡིན་པ་དང་། གནས་སྟངས་ཇི་འདྲ་ཞིག་གདོང་ལེན་མཛད་སྐབས་གནས་སྟངས་དེར་ཕྱོགས་ཡོངས་ཀྱི་གནས་གཞི་ལ་བཞག་སྟེ་དཔྱད་པ་བྱ་རྒྱུ་དང་། གནས་སྟངས་དེས་རྐྱེན་པས་བློར་ཉོན་མོངས་སྐྱེ་སྐབས་དེར་གཉེན་པོ་བསྟེན་ཚུལ་དང་། དེ་བཞིན་གསར་འགོད་པས་འཇིག་རྟེན་བཀོད་པ་པོ་དང་འབྲེལ་བའི་དྲི་བར། སྤྱིར་མགོན་པོ་གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་འཇིག་རྟེན་བཀོད་པ་པོ་མི་འདོད་ཀྱང་། འཇིག་རྟེན་བཀོད་པ་པོ་འདོད་པའི་བློ་དེར་བྱམས་བརྩེ་གོང་སྤེལ་གཏོང་རྒྱུའི་ནུས་པ་ཧ་ཅང་ལྡན་ཡོད་པར་ཡིད་ཆེས་མཛད་བཞིན་ཡོད་སྐོར་བཀའ་ལན་མཛད།
དེ་རྗེས་ཟུར་ཉན་པའི་ཁྲོད་བུད་མེད་གཅིག་གིས་༸གོང་ས་མཆོག་ལ། ནང་ཆོས་ནས་བུད་མེད་སངས་རྒྱས་ཀྱི་གོ་འཕང་ཐོབ་མ་ཐུབ་པའི་སྐོར་གསུང་དགོས་དོན་གང་ཡིན། ཞེས་པའི་དྲི་བར་༸གོང་ས་མཆོག་གིས་ནང་ཆོས་ནས་ཕོ་མོ་འདྲ་མཉམ་ཐོག་ནས་སྐྱེས་པར་དགེ་སློང་དང་བུད་མེད་ལ་དགེ་སློང་མ་བསྒྲུབ་རྒྱུའི་ཐོབ་ཐང་གནང་ཡོད་པ་དང་། སྤྱིར་བོད་མིའི་ཁྲོད་དེ་སྔ་བཙུན་མ་ཚོས་ལོ་ནས་ལོ་བསྟུད་ནས་གཞུང་ཆེན་ལ་སློབ་གཉེར་བརྒྱབ་པ་དེ་འདྲ་ཧ་ལམ་བྱུང་མྱོང་མེད་པ་དང་། འདས་པའི་ལོ་ ༤༠ རིང་ནས་མགོན་པོ་གང་ཉིད་མཆོག་གིས་བཙུན་མ་ཚོས་ཀྱང་གཞུང་ཆེན་ལ་སློབ་གཉེར་བརྒྱབ་དགོས་པའི་སྐུལ་མ་མཛད་པར་བརྟེན། བཙུན་མ་ཚོས་ཀྱང་ལོ་ངོ་མང་པོའི་རིང་དཀའ་ལས་བརྒྱབ་ནས་གཞུང་ཆེན་ལ་སློབ་གཉེར་གནང་བའི་རྗེས་འབྲས་སུ་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་༸གོང་ས་མཆོག་གིས་བཙུན་མ་ ༢༠ ལ་དགེ་བཤེས་མའི་ཕྱག་འཁྱེར་ཆེད་ཐོག་མར་གསོལ་སྩལ་མཛད་ཡོད་སྐོར་བཀའ་ལན་སྩལ།།