༢༠༡༧ ཟླ་ ༢ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཝི་ཝེ་ཀ་ནནྡཱ་རྒྱལ་སྤྱིའི་ཐེབས་རྩ་ཁང་ Vivekananda International Foundation ནས་ཇི་ལྟར་སྔོན་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཁུལ་དེར་༸ཞབས་སོར་འཁོད་མཚམས། ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ཨེན་སི་ཝི་ཇི་ Director Gen NC Vij མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
སྐབས་དེར་རྒྱ་གར་གཞུང་གི་གཞུང་ཞབས་ལས་བྱེད་བགྲེས་ཡོལ་ཕེབས་པ་དང་། ཤེས་ལྡན་མི་སྣ། དམག་སྤྱི་ཟུར་པ་བཅས་ཁྱོན་མི་གྲངས་ ༢༥༠ བརྒལ་བར་༸གོང་ས་མཆོག་གིས། དེང་སྐབས་འཛམ་གླིང་གི་སྤྱི་ཚོགས་ནང་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་ཀྱི་རིན་ཐང་དང་ཕན་ཐོགས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ།
དེ་ཡང་སྐབས་དེར་ཐོག་མར་བུད་མེད་ཁག་གཅིག་གིས་ལེགས་སྦྱར་སྐད་ཐོག་ནས་ཤིས་བརྗོད་བཏོན་རྗེས་འགན་འཛིན་སྐུ་ཞབས་ཨེན་སི་ཝི་ཇི་མཆོག་གིས་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་གནང་། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
མཛའ་ཞིང་བརྩེ་བའི་སྤུན་མཆེད་ཕོ་མོ་རྣམ་པ། ངོས་རང་དེ་རིང་འདིར་ཡོང་ནས་ཁྱེད་ཚོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་ཆེ་མཐོང་ཐོབ་པ་ཞིག་བྱུང་། ཐེབས་རྩ་ཁང་འདིས་རྒྱ་གར་གྱི་རྣལ་འབྱོར་པ་ཝི་ཝེ་ཀ་ནནྡཱ་ Swami Vivekananda མཆོག་གིས་རྗེས་དྲན་ཙམ་མ་ཟད། ཁོང་གིས་ལམ་སྟོན་གནང་བའི་བསླབ་བྱ་དང་ལེགས་བཤད་དེ་དག་གཅེས་ཉར་དར་འཕེལ་ཡོང་ཐབས་གནང་བཞིན་ཡོད། ཁོང་གིས་ཧ་ཅང་རྩ་ཆེར་འཛིན་བཞིན་པའི་གནས་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ཀནྱཱ་ཀུ་མཱ་རི་ Kanyakumari ཞེས་པར་བྲག་རྡོ་ཆེན་པོ་ཞིག་ཡོད་པ་དེར་ངོས་རང་འགྲོ་མྱོང་ཡོད།
ཕྱོགས་མཚུངས་ཕྱི་ལོ་ ༡༨༩༣ ལོར་རྣལ་འབྱོར་པ་ཁོང་གིས་ཨ་རིའི་གྲོང་ཁྱེར་ཤི་ཁ་གོའི་ Chicago ནང་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་ཆེན་ Parliament of the World’s Religions ཞེས་པ་དེར་ཕེབས་ནས་སྙན་གྲགས་ཆེ་བའི་གཏམ་བཤད་གནང་ཡོད། ཚོགས་ཆེན་དེར་ཡང་ངོས་རང་བསླེབས་པ་རེད། ཁོང་གི་འཆར་སྣང་སྐོར་གསུང་རྗེས་མི་མང་པོར་སེམས་འགུལ་ཤུགས་ཆེ་ཐེབས་རྗེས་ཕྱིས་སུ་འཆར་སྣང་དེ་དག་ལག་བསྟར་དོན་འཁྱོལ་ཡོང་སླད་ཨ་རིའི་ནང་ཝི་ཝེ་ཀ་ནནྡཱ་ཐེབས་རྩ་ཁང་བཙུགས་ཡོད་ཀྱང་། བར་སྐབས་ནས་ཐེབས་རྩ་ཁང་གཉིད་ཁུགས་པ་ལྟ་བུ་འདུག ཅེས་ངོས་ཀྱིས་ཁོང་ཚོར་བརྗོད་པ་ཡིན། དེར་བརྟེན་ཕྱིས་སུ་སལ་ལེག་སི་ཊི་ Salt Lake City ཞེས་ཨ་རིའི་གྲོང་ཁྱེར་ནང་ཐེབས་རྩ་ཁང་གིས་ངོས་རང་མགྲོན་འབོད་བྱེད་སྐབས་ཁོང་ཚོས་འབྱུང་འགྱུར་ལས་དོན་ཚགས་ཚུད་དང་ངར་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་གནང་ཡང་མཐར་ངོས་རང་ལྷན་ཚོགས་དེར་བཅར་མ་ཐུབ་པ་རེད།
དེ་རིང་འདིར་བཅར་རྒྱུའི་གོ་སྐབས་བྱུང་བ་དེས་ངོས་ཀྱི་ངོ་ཤེས་གྲོགས་པོ་རྙིང་པ་མང་པོ་ཞིག་དང་ཐུག་ཐུབ་པ་བྱུང་། ཁྱེད་ཚོ་དང་ཐུག་སྐབས་ད་ཆ་ངོས་རང་ལོ་ན་ཇི་ཙམ་རྒས་པ་དེའང་ཤེས་ཚོར་ཡོང་བཞིན་འདུག ངོས་ཀྱི་འབྲེལ་མཐུད་པ་ཟུར་པ་སྐུ་ཞབས་མལྷོ་ཏྲ་ Mr Malhotra མཆོག་ཀྱང་འདིར་ཕེབས་འདུག ཁོང་འབྲེལ་མཐུད་པ་སྔ་མོའི་གྲས་རེད། ཕྱོགས་མཚུངས་སྐུ་ཞབས་མག་ཊལ་ལེ་ Mark Tully མཆོག་ཀྱང་འདིར་ཕེབས་འདུག ངོས་རང་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཏུ་ཐོག་མར་བསྐྱོད་སྐབས་ཁོང་གིས་ངོས་ལ་ཡུ་རོབ་ཏུ་ཅིའི་ཕྱིར་བསྐྱོད་འདོད་བྱུང་། ཞེས་དྲི་བ་འདོན་སྐབས་ངོས་རང་འཛམ་གླིང་གི་མི་སེར་ཞིག་ཡིན་བསམ་པ་དྲན་གྱི་འདུག ཅེས་སྐབས་དེར་ལན་འདེབས་དེ་འདྲ་བྱས་པ་ཡིན། དངོས་གནས་རང་གྲོགས་པོ་བློས་ཐུབ་ཡིན། ཚེ་འདི་ཙམ་མ་ཟད་འབྱུང་འགྱུར་ཚེ་རབས་ནས་ཚེ་རབས་བར་མུ་མཐུད་ནས་འབྲེལ་འདྲིས་ཡོང་རྒྱུ་རེད་བསམ་པའི་ངོས་ལ་ཡིད་ཆེས་ཡོད།
ངོས་རང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར་སྐབས་སེམས་ཁྲལ་ཆེ་ཤོས་གཅིག་ནི་བོད་པའི་སྲོལ་རྒྱུན་རིག་གནས་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཇི་ལྟར་ཐུབ་མིན་དེ་རེད། འོན་ཀྱང་མཐར་པཎྜི་ཏ་ནེ་རུ་མཆོག་དང་མངའ་སྡེ་ཁག་གཅིག་གིས་གཟིགས་སྐྱོང་འོག་གདན་ས་ཁག་གི་གཙོས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དེ་དག་གཞི་ཚུགས་ཐུབ་པ་བྱུང་ཡོད། དགོན་པ་དེ་དག་ལ་བོད་ཀྱི་ནཱ་ལེནྡྲ་ཞེས་གྲགས།
ཕྱོགས་མཚུངས་པཎྜི་ཏ་ནེ་རུ་མཆོག་གིས་དགོན་པ་གྲྭ་ཚང་ཙམ་མ་ཟད། བོད་མིའི་སློབ་གྲྭ་བཙུགས་ནས་བོད་ཕྲུག་ཚོར་བོད་ཡིག་དང་དེང་དུས་ཤེས་ཡོན་ཐོག་ལའང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བྱུང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་པ་རེད། ཁོང་ནི་རྒྱ་གར་གནའ་རབས་ཀྱི་དཔལ་ནཱ་ལེནྡྲ་གཙུག་ལག་སློབ་ཁང་ནང་གི་མཁས་ཆེན་གྲས་རེད། ཁོང་བོད་དུ་བྱོན་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་འཕེལ་མཛད་པ་དེ་དག་བོད་མི་ཚོས་ད་བར་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱས་དང་བྱེད་མུས་ཡིན། མཁན་ཆེན་ཞི་བ་འཚོ་ནི་ལྟ་གྲུབ་དང་ཚད་མ་རིག་པར་ཧ་ཅང་མཁས་ཤིང་གྲུབ་པ་ཐོབ་པ། འདུལ་བའི་ཉམས་བཞེས་གནང་མཁན་གྱི་དགེ་སློང་ཞིག་ཡིན་པ་ནི་ཁོང་གི་བརྩམས་ཆོས་ལས་རྟོགས་ཐུབ།
དེ་ནས་རིམ་བཞིན་ངོས་ཀྱི་རིག་གནས་འདྲ་མིན་ཐོག་གི་མཁས་པ་དེ་འདྲ་དང་ཐུག་ནས་སྐད་ཆ་ཤོད་སྐབས་གཞི་ནས་བོད་མི་ཚོས་གཅེས་ཉར་བྱས་པའི་རིག་གནས་དེ་དག་དེང་གི་སྤྱི་ཚོགས་ནང་དགོས་མཁོ་དང་རིན་ཐང་ཇི་ཙམ་ཡོད་པ་ཤེས་རྟོགས་ཐུབ་བྱུང་། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།
ལྡི་ལིའི་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་གྲུབ་རྗེས་ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཨནྡྲ་པྲདེ་ཤི་མངའ་སྡེའི་ Andhra Pradesh གྲོང་ཁྱེར་ཝི་ཇ་ཡ་ཝ་ཌར་ Vijayawada ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག
སྤྱིར་ཝི་ཝེ་ཀ་ནནྡཱ་རྒྱལ་སྤྱིའི་ཐེབས་རྩ་ཁང་ Vivekananda International Foundation ཞེས་རྒྱ་གར་གཞུང་ཞབས་དང་དམག་སྤྱི་ཟུར་པ། མཁས་དབང་དང་ཤེས་ལྡན་མི་སྣ་སོགས་ལས་གྲུབ་པའི་ཐེབས་རྩ་ཁང་དེ་ནི་བརྗིད་ཆགས་ཤིང་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་ནང་རྒྱལ་སའི་ཟུར་གྱི་ཅཱ་ནཀྱ་པུ་རི་ Chanakyapuri ཞེས་པའི་ས་ཁུལ་དུ་རྟེན་གཞི་བྱས་པ་དང་། ཐེབས་རྩ་ཁང་དེ་ནི་ཝི་ཝེ་ཀ་ནནྡཱ་ཀེནྡྲ་ Vivekananda Kendra ཞེས་པའི་ཚོགས་པ་ཨ་མ་དེའི་ཡན་ལག་ལྟ་བུ་ཡིན་འདུག་པ་བཅས།།