༢༠༡༧ ཟླ་ ༢ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༧ རེས་གཟའ་མིག་དམར་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཡེ་ཤུའི་བུད་མེད་ཀྱི་མཐོ་སློབ་ཏུ་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་ཐོག་བཀའ་སློབ་དང་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ།
དེ་ཡང་རྒྱལ་ས་ལྡི་ལིའི་ཅཱནཀྱ་པུ་རི་ Chanakya puri ཁུལ་དུ་རྟེན་གཞི་བྱས་པའི་ཡེ་ཤུའི་བུད་མེད་ཀྱི་མཐོ་སློབ་ Jesus & Mary College ཏུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་དེ་ཉིན་སྔ་དྲོ་ཁུལ་དེར་༸ཞབས་སོར་འཁོད་སྐབས། མཐོ་སློབ་ཀྱི་གཙོ་འཛིན་སྐུ་ཞབས་རོ་སི་ལེ་ Sr Rosily མཆོག་གིས་འཚམས་ཞུར་བཅར་བ་མ་ཟད། ཚོགས་ཁང་གི་སྒོ་ཁར་མཐོ་སློབ་དེར་སློབ་གཉེར་གནང་བཞིན་པའི་བོད་པའི་བུད་མེད་ལྔས་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོས་མཐོང་གྲོལ་འཛུམ་༸ཞལ་ངང་ཆུང་ཕུད་སོགས་བཞེས།
ཚོགས་ཁང་གི་སྡིངས་ཆའི་སྟེང་ཐོག་མར་༸གོང་ས་མཆོག་གིས་མཐོ་སློབ་ཀྱི་གཙོ་འཛིན་མཆོག་དང་ལས་བྱེད་བགྲེས་པ་ཁག་གཅིག་བཅས་དང་ལྷན་སྣང་གསལ་ཞལ་ཕྱེ་མཛད་པ་དང་སྦྲགས། བུད་མེད་ན་གཞོན་ཁག་གཅིག་གིས་ཤིས་བརྗོད་ཀྱི་ཚུལ་དུ་གླུ་གཞས་བླངས་རྗེས་གཙོ་འཛིན་མཆོག་གིས་ཐོག་མར་ངོ་སྤྲོད་ཀྱི་གསུང་བཤད་གནང་།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ལས་སློབ་ཕྲུག་བཅས་མི་གྲངས་ ༡༥༠༠ ལྷག་ཡོད་པ་རྣམས་ལ་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་གསུམ་སྟེ། བྱམས་བརྩེ་བརྒྱུད་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུ་སོགས་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་རྒྱུ་དང་། ཆོས་ལུགས་འདྲ་མིན་ཡོད་པ་རྣམས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ། དེ་བཞིན་བོད་མི་ས་ཡ་དྲུག་གི་མགོན་སྐྱབས་བླ་ན་མ་མཆིས་པ་ཡིན་སྟབས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སྐོར་བླང་དོར་བཀའ་སློབ་སྩལ་རྗེས་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་སྩལ།
དེ་ཡང་ཐོག་མར་༸སྐུའི་རླབས་ཆེན་གྱི་མཛད་ཁུར་དང་པོའི་སྐོར་བཀའ་སློབ་སྩལ་དོན། ད་ལྟ་གོ་ལ་འདིའི་སྟེང་འཚོ་བཞིན་པའི་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་མི་ཡིན་པ་གཅིག་གྱུར་རེད། ང་ཚོ་ཚང་མས་བདེ་བ་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད། བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། འོན་ཀྱང་ང་ཚོས་རང་གིས་དོན་དུ་གཉེར་བཞིན་པའི་བདེ་བ་བསྒྲུབ་ཐབས་བྱེད་སྐབས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་དེ་ངེས་པར་དུ་བློར་འཛིན་དགོས། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་གཅིག་ནང་གི་ནང་མི་ཡིན། ཡེ་ཤུའི་ཆོས་པ་ཚོས། ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོ་གཅིག་གིས་བཀོད་པར་བརྟེན་ཚང་མ་ཁོང་གི་ཕྲུ་གུ་ཡིན་པ་གཅིག་མཚུངས་སུ་ངོས་འཛིན་བཞིན་ཡོད། དེ་བཞིན་ནང་པ་ཚོས། སེམས་ཅན་ཐམས་ཅད་བདེ་བ་འདོད་མཁན་ཡིན་པ་གཅིག་མཚུངས་སུ་ངོས་འཛིན་བཞིན་ཡོད།
ད་ལྟ་ང་ཚོ་འདིར་ཞི་བདེ་བག་ཕེབས་ངང་ནས་གནས་ཡོད་ཀྱང་འཛམ་གླིང་གི་ས་ཕྱོགས་གཞན་དང་གཞན་དུ་ཁོང་ཁྲོ་དང་། ཞེ་སྡང་། ང་རྒྱལ་སོགས་ཀྱིས་གཞན་དབང་དུ་སོང་ནས་ང་ཚོ་དང་ཁོ་པ་ཚོ། ཞེས་ཕན་ཚུན་གསོད་རེས་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་དུས་རབས་ ༢༡ འདི་དེ་སྔ་དུས་རབས་ ༢༠ ལས་ཞི་བདེ་ཆེ་བའི་དུས་རབས་ཤིག་བཟོ་ཐབས་བྱེད་དགོས་པ་དེ་བས་ཛ་དྲག་ཆེ་བའི་གནས་སྟངས་ཤིག་ཆགས་ཡོད།
གང་ཡིན་བརྗོད་ན་དུས་རབས་ ༢༠ ནང་དམག་འཁྲུག་སོགས་འཚེ་བའི་བྱ་སྤྱོད་སྤེལ་བའི་ཉེར་ལེན་ལ་བརྟེན་ནས་མི་གྲངས་ས་ཡ་ ༢༠༠ རྐྱེན་ལམ་དུ་བཏང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད། མི་དེ་ཙམ་མང་པོ་དམག་འཁྲུག་དང་འཚེ་བའི་གནས་སྟངས་འོག་འཆི་བ་དེས་ང་ཚོའི་བསམ་བློའི་ནང་ད་ཆ་འཚེ་བའི་ལས་འགུལ་རིགས་སྤོང་དགོས་པ་འདུག་བསམས་པའི་སྐུལ་མ་ཞིག་ཤུགས་ཀྱིས་སླེབ་བཞིན་ཡོད། ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེས་ངོས་ལ་རེ་བ་དང་སེམས་ཤུགས་སྤེལ་བཞིན་འདུག
ལོ་ངོ་བརྒྱ་ཕྲག་རིང་ནས་དམག་འཐབ་བྱས་པའི་ཡུ་རོབ་གླིང་ཆེན་གྱི་ཡུལ་གྲུ་དེ་དག་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རྒྱལ་ཁབ་སོ་སོ་བྱས་ནས་སྡོད་རྒྱུའི་རྒྱལ་ཞེན་གྱི་བསམ་བློ་གུ་དོག་དེ་དོར་ནས་རྒྱལ་ཁབ་སོ་སོར་གནས་པ་ལས་སྤྱི་པའི་སྒྲིག་འཛུགས་གཅིག་འོག་གནས་པ་ཡིན་ན་དགེ་མཚན་ཆེ་བར་གཟིགས་ནས་སྒྲིག་འཛུགས་དེ་བཙུགས་པ་རེད། དེར་ངོས་རང་ཧ་ཅང་ཡིད་སྨོན་སྐྱེ་བཞིན་འདུག
རྒྱ་གར་ནང་དུའང་དེ་མཚུངས་བྱུང་ཡོད། སྔ་མོ་ཡིན་ན་རྒྱ་གར་ནང་རྒྱལ་པོ་སོ་སོས་རྒྱལ་ཕྲན་རེ་བསྐྱངས་ནས་གོང་བུ་གཅིག་གྱུར་གྱི་རྒྱ་གར་ཞེས་པ་དེ་མེད་པར་རྒྱལ་པོ་ཕན་ཚུན་མངའ་དབང་ཆེད་འཐབ་རྩོད་བྱས་ནས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གནས་ཡོད། འོན་ཀྱང་ད་ཆ་སྤྱི་མཐུན་རྒྱལ་ཁབ་ལྟ་བུ་བྱས་ནས་རྒྱ་གར་ཞེས་པ་འདི་བྱུང་ཐུབ་པ་རེད། རྒྱ་གར་ལྷོ་ཕྱོགས་པ་ཚོས་ཁོང་ཚོའི་སྐད་ཡིག་དེ་ཧིན་དིའི་སྐད་ཡིག་ལས་ཕྱུག་པ་ཡོད་ཚུལ་དང་། དེ་བཞིན་པན་ཇབ་ཚོས་ཤུགས་ལས་ཐོག་ལ་ཁོང་ཚོ་གཞན་ལས་དྲག་པ་ཡོད་ཚུལ་བཤད་པ་ལྟ་བུ་བྱུང་ཡང་དོན་དུ་ཚང་མ་རྒྱ་གར་བ་གཅིག་གྱུར་ཡིན་བསམས་པའི་སྤོབས་པ་དེ་ཡོད། ཡུ་རོབ་སྤྱི་མཐུན་གྱི་སྒྲིག་འཛུགས་ལྟར་འབྱུང་འགྱུར་ཨ་ཕི་རི་ཀ་དང་ལྷོ་ཨ་མི་རི་ཀ། དེ་བཞིན་ཨེ་ཤི་ཡའི་ས་ཁུལ་དུ་ཡོང་ཐུབ་པའི་དུས་སྐབས་ཤིག་འཆར་རྒྱུར་ངོས་ཀྱིས་རེ་བ་བྱེད་བཞིན་ཡོད།ཚན་རིག་པ་ཚོས་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་སྐོར་བརྗོད་བཞིན་ཡོད།
མཐོ་སློབ་འདིར་མཚོན་ན་ལོ་ ༥༠ འགྲོ་བཞིན་ཡོད། ཅེས་གོང་དུ་གསུངས་པ་རེད། བསམ་བློ་ཞིག་གཏོང་སྟངས་མཐོ་སློབ་འདི་ནས་བསླབ་པ་མཐར་སོན་པ་ཇི་ཙམ་བྱུང་ཡོད། འབྱུང་འགྱུར་ཇི་ཙམ་ཐོན་ནས་མི་ཚད་ལྡན་ཞིག་ཆགས་ཐུབ་བམ། ཤེས་ཡོན་གྱི་ཐོག་ནས་ང་ཚོས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་གཏོང་ཐུབ། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་ལུགས་མཐུན་སྒྲིལ་དང་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་སྐོར་བཀའ་སློབ་སྩལ་བསྟུན་སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས།།