༢༠༡༧ ཟླ་ ༢ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གནའ་རབས་ཀྱི་རིག་གནས་དང་ལེགས་བྱང་བསྐྱར་གསོ་བསྟི་གནས་ཁང་བིདྱཱ་ལོཀ་ Vidyaloke ཞེས་པ་དེའི་སྦྱིན་བདག་སྐུ་ཞབས་ཨ་ནལ་ཇི་ཏི་སིངྒ་ Analjit Singh ལགས་སོགས་ཀྱིས་གཙོས་འབྲེལ་ཡོད་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཐོག ཁུལ་དེར་རྒྱ་གར་ས་ཁུལ་འདྲ་མིན་ནས་དོན་གཉེར་ཅན་ཁྱོན་མི་གྲངས་ ༤༠༠ བརྒལ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་གྱི་ཆོས་འབྲེལ་དབུ་འཛུགས་མཛད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་དུས་རབས་ ༢༡ འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་ཇི་ལྟར་སྐྲུན་དགོས་པའི་ལམ་སྟོན་ཐོག་བཀའ་སློབ་སྩལ་དོན། དེ་རིང་ང་ཚོ་འདིར་འཛོམས་པའི་དགོས་དོན་གཙོ་བོ་ནང་ཆོས་འཆད་ཉན་བྱ་རྒྱུ་ཙམ་ཞིག་མ་རེད། དེ་རིང་གི་ཆོས་འབྲེལ་འདི་བརྒྱུད་ནས་དུས་རབས་ ༢༡ འདི་དེ་སྔ་དུས་རབས་ ༢༠ ལས་ལྷག་ཞི་བདེ་དང་འཆམ་མཐུན་ལྡན་པའི་དུས་རབས་ཤིག་སྐྲུན་ཐུབ་ཐབས་བྱ་རྒྱུ་འདི་ངོས་ཀྱི་རེ་བ་ཙམ་མ་ཟད། འདིར་འཛོམས་པའི་དགོས་པའང་གཙོ་བོ་འདི་རེད།
དུས་རབས་ ༢༠ ནང་ལྟ་གྲུབ་དང་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློའི་ཐོག་ནས་མི་གསོད་ཁྲག་སྦྱོར་ཧ་ཅང་བྱུང་བར་བརྟེན་འགྲོ་བ་མི་སྡེའི་སྤྱི་ཚོགས་ནང་དཀའ་ངལ་དང་རྙོག་གྲ་ཧ་ཅང་བཟོས་ཡོད། དུས་རབས་ ༢༠ འགོ་སྟོད་ཙམ་ནང་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་ཤོར་སྐབས་མི་མང་ཚོས་སོམ་ཉི་མེད་པར་དེར་ལམ་སང་རྒྱབ་སྐྱོར་དང་དམག་འཐབ་ནང་འཛུལ་ཞུགས་བྱས་པ་སོགས་བྱུང་ཡོད་ཀྱང་།
དུས་རབས་དེ་གའི་མཇུག་ཙམ་ནང་རྒྱལ་ཁབ་ཕན་ཚུན་དམག་འདྲེང་སྐབས་དཔེར་ན། ཝི་ཏི་ནམ་དམག་འཁྲུག་ Vietnam War ལྟ་བུའི་སྐབས་མི་ཚོས་དེར་རྒྱབ་སྐྱོར་མ་བྱས་པར་མི་དེ་ཙམ་མང་པོ་དམག་འཁྲུག་ནང་ཚེ་སྲོག་ཤོར་དགོས་དོན་གང་ཡིན། ཞེས་བསམ་བློའི་ནང་དྲི་བ་ཞིག་བསླེབས་ཡོད།
དེར་བརྟེན་མིའི་བསམ་བློའི་ནང་ཞི་བདེ་དོན་གཉེར་གྱི་བློ་རིམ་བཞིན་སྐྱེ་བཞིན་ཡོད། ལྷག་པར་མིའི་བསམ་བློའི་ནང་ང་ཚོ་དང་ཁོ་པ་ཚོ། ཞེས་ཕན་ཚུན་ས་མཚམས་བཅད་ནས་གནས་པ་ལས་འཆམ་མཐུན་ངང་མཉམ་གནས་བྱེད་པ་ཡིན་ན་དགེ་མཚན་ཆེ་བར་མཐོང་ནས་ཡུ་རོབ་སྤྱི་མཐུན་ཚོགས་པ། European Union ཞེས་པའི་སྒྲིག་འཛུགས་དེ་གཞི་ནས་ཆགས་པ་རེད།
ངོས་ཀྱི་དངོས་ཁམས་རིག་པའི་སློབ་སྟོན་པ་འཇར་མན་མི་རིགས་སྐུ་ཞབས་ Carl Friedrich von Weizsäcker ཁོང་གིས་རང་ཉིད་ཕྲུ་གུའི་དུས་སྐབས་སུ་ཕ་རན་སི་དང་འཇར་མན་མི་རིགས་ཕན་ཚུན་མཐའ་གཅིག་ཏུ་དགྲ་བོའི་འདུ་ཤེས་འཛིན་བཞིན་ཡོད་སྐོར་གསུངས་མྱོང་། འོན་ཀྱང་ད་ཆ་འདུ་ཤེས་དེ་དག་ཆ་ཚང་འགྱུར་བ་ཕྱིན་ཚར་བར་བརྟེན་ང་ཚོས་རེ་བ་རྒྱག་ས་ཞིག་ཆགས་ཡོད། ཅེས་དང་།
ཡང་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་ཡོང་བར་རྒྱ་གར་སྲོལ་རྒྱུན་རིག་གནས་ཀྱི་ཞབས་འདེགས་ཧ་ཅང་བསྒྲུབ་ཐུབ་རྒྱུའི་ནུས་པ་ཡོད་སྐོར་ཐོག་བཀའ་སློབ་སྩལ་དོན། ནུབ་ཕྱོགས་ནང་ཁག་གཅིག་གིས་སེ་ཁུ་ལར་ secular ཞེས་བརྗོད་སྐབས་ཆོས་ལ་དགག་བྱ་བྱེད་མཁན་ལྟ་བུར་བརྩི་བཞིན་ཡོད་པ་ནི། ངོས་ཀྱིས་བསམ་པར་ཕ་རན་སི་གསར་བརྗེ་ཆེན་མོ་ French revolutions དང་། ཨུ་རུ་སུའི་ནང་ལེ་ཉིན་གྱིས་ Lenin འགོ་ཁྲིད་པའི་བྷོལ་ཤེ་ཝིག་གསར་བརྗེའི་ Bolshevik revolutions དུས་སྐབས་སུ་ཆོས་ཀྱིས་མིའི་བསམ་བློར་ཤུགས་རྐྱེན་སྤྲད་པ་དེས་སྒྲིག་འཛུགས་ཀྱི་དམིགས་ཡུལ་བསྒྲུབ་རྒྱུར་དོ་ཕོག་གཏོང་བཞིན་ཡོད་སྟབས་ཆོས་ལ་སྡང་ཟུག་བྱས་པ་ཞིག་ལས་ཆོས་ཀྱི་ནང་དོན་ལ་བསམ་བློ་བཏང་བ་ཞིག་ཕལ་ཆེར་མ་རེད།
དེར་བརྟེན་ངོས་ཀྱིས་སེ་ཁུ་ལར་ secular ཞེས་རིས་མེད་ཀྱི་བསམ་བློ་གཏོང་སྟངས་དེ་རྒྱ་གར་གནའ་རབས་སྲོལ་རྒྱུན་ནང་དར་སྲོལ་ཡོད་པ་ལྟར་ཆོས་ལ་ཡིད་ཆེས་བྱེད་མཁན་དང་མི་བྱེད་མཁན་ཚང་མར་གུས་བཀུར་ཐོག་ནས་ལྟ་ཚུལ་ཞིག་ཡོད་པ་དེར་སེ་ཁུ་ལར་བརྗོད་ཀྱི་ཡོད། རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ཆོས་ལུགས་འདྲ་མིན་མཐུན་སྒྲིལ་ངང་མཉམ་གནས་ཐུབ་པ་དེའི་རྒྱུའི་རྨང་གཞི་གཙོ་བོ་དེ་ཡང་སྲོལ་རྒྱུན་གྱི་བསམ་བློ་དེར་ཐུག་ཡོད། རྒྱ་གར་ལ་མཚོན་ན། རྒྱ་གར་ཡུལ་འདིའི་ནང་བྱུང་ནས་དར་འཕེལ་བྱུང་བ་གྲངས་ཅན་པ་དང་རིག་པ་ཅན་པ། གཅེར་བུ་བ། ནང་པ། སིག་བཅས་འཆམ་མཐུན་ངང་ལོ་ངོ་མང་པོའི་རིང་མཉམ་གནས་ཐུབ་ཡོད་པ་ཙམ་དུ་མ་ཟད། ཕྱི་ནས་རྒྱ་གར་ནང་དར་འཕེལ་བྱུང་བའི་ཡེ་ཤུ་དང་ཁ་ཆེ། ཇིའུ། ཛོ་ར་ཛུ་དིན་བཅས་ཀྱང་རྒྱ་གར་ནང་འཆམ་མཐུན་ངང་གནས་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དབུ་འཛུགས་མཛད།།