ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨེ་ཤི་ཡའི་ཏཱ་ལའི་བླ་མའི་བཟང་སྤྱོད་ཐེབས་རྩ་ཁང་ Dalai Lama Centre For Ethics and Transformative Values གསར་བཞེངས་ཆེད་ས་གཞིར་བྱིན་རླབས་དང་དེ་བཞིན་ཏི་ལངྒ་ན་མངའ་སྡེ་གཞུང་དང་ཨ་རིའི་མངའ་སྡེ་ Massachusetts ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་བཟང་སྤྱོད་ཐེབས་རྩ་ཁང་ཐུན་མོང་གི་གོ་སྒྲིག་འོག་༧གོང་ས་མཆོག་གིས་ཤེས་ཡོན་མི་སྣ་གཙོ་བོར་གྱུར་བའི་མང་ཚོགས་སྟོང་ཚོ་བརྒལ་བར་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་སྐོར་བཀའ་སློབ་བསྩལ་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་ཁུལ་དེར་༧ཞབས་སོར་བདེ་བར་འཁོད་སྐབས་ཏི་ལངྒ་ན་མངའ་སྡེའི་གཙོ་འཛིན་སྐུ་ཞབས་ནྲ་སིམ་ཧྣ་ Shri ESL Narasimhan མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་མོ་ཧཱམ་མཏ་མེཧ་མུཏ་ཨ་ལི་ Mohammad Mahmood Ali མཆོག མངའ་སྡེའི་འཕྲུལ་རིག་བློན་ཆེན་སྐུ་ཞབས་ཀེ་ཊི་རཱ་མ་རཧོ་ K.T.Rama Rao མཆོག ལྷོ་ཨེ་ཤི་ཡའི་ཏཱ་ལའི་བླ་མའི་བཟང་སྤྱོད་ཐེབས་རྩ་ཁང་གི་ངེས་སྟོན་པ་བསྟན་འཛིན་པྲི་ཡ་དརཤཎི་ལགས། ས་གནས་ཀྱི་བོད་མི་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ནས་ཐོག་མར་༸གོང་ས་མཆོག་གིས་ཤིང་སྣ་འདེབས་འཛུགས་དང་ཐེབས་རྩ་ཁང་གསར་བཞེངས་ཆེད་ས་གཞིར་བྱིན་རླབས་མཛད་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་མཆོག་གིས་༧གོང་ས་མཆོག་ལ་ཕེབས་བསུ་དང་། མངའ་སྡེའི་འཕྲུལ་རིག་བློན་ཆེན་མཆོག་གིས་༸གོང་ས་མཆོག་ངོ་སྤྲོད་གནང་བསྟུན། ༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་འགྲོ་བ་མི་རིགས་ཐེར་འབུམ་བདུན་གྱི་ཆ་ཤས་ཤིག་ཡིན། ང་ཚོ་ཚང་མ་རང་གི་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་གཅིག་མཚུངས་རེད། རྒྱལ་པོ་དང་རྒྱལ་མོ། ཆོས་ཕྱོགས་ཀྱི་དབུ་ཁྲིད། དབུལ་ཕོངས་སོགས་ཐོག་མར་སྐྱེས་སྟངས་དང་མཐར་འཆི་སྟངས་ཀྱང་གཅིག་མཚུངས་རེད། ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན། དེ་བཞིན་ཚོར་བ་བདེ་སྡུག་མྱོང་མཁན་གཅིག་པ་རེད། ཕན་ཚུན་རྒྱལ་ཁབ་དང་ཆོས་ལུགས། རིགས་རུས་མི་འདྲ་བ་སོགས་རིམ་པ་གཉིས་པའི་གནས་སྟངས་དེར་ཧ་ཅང་ཞེན་ནས་ང་ཚོ་དང་ཁོ་པ་ཚོ། ཞེས་འདུ་ཤེས་དེ་འདྲ་ཞིག་འཛིན་པར་བརྟེན་མཐར་རྙོག་གྲ་ཡོང་བཞིན་ཡོད།དུས་རབས་ ༢༠ མགོ་སྟོད་ལ་ནང་ལྟ་གྲུབ་དང་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློ་ཤུགས་ཆེ་ཡོད་ནའང་དེང་གི་ཆར་དེ་ཙམ་གྱི་ཕན་ནུས་མེད་པ་ཆགས་ཡོད། ཡུ་རོབ་ནང་མི་རབས་ནས་མི་རབས་བར་མི་གསོད་ཁྲག་སྦྱོར་ཧ་ཅང་བྱུང་བར་བརྟེན་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་སྤྱི་མཐུན་ཚོགས་པ་ཞེས་པའི་སྒྲིག་འཛུགས་དེ་གཞི་ནས་ཆགས་པ་རེད། ངོས་ཀྱི་དངོས་ཁམས་རིག་པའི་སློབ་སྟོན་པ་འཇར་མན་མི་རིགས་སྐུ་ཞབས་ von Weizsäcker ཁོང་གིས་རང་ཉིད་ཕྲུ་གུའི་དུས་སྐབས་སུ་ཕ་རན་སི་དང་འཇར་མན་མི་རིགས་ཕན་ཚུན་མཐའ་གཅིག་ཏུ་དགྲ་བོའི་འདུ་ཤེས་འཛིན་བཞིན་ཡོད་ནའང་ཕྱི་ལོ་ ༡༩༩༠ ནས་འགྱུར་བ་ཕྱིན་ཡོད་སྐོར་གསུངས་མྱོང་། མིའི་བསམ་བློའི་ནང་དམག་གི་གཏོར་སྐྱོན་གྱིས་ལེགས་པའི་ཆ་གང་ཡང་ཡོང་རྒྱུ་མེད་པ་དང་འཆམ་མཐུན་ངང་མཉམ་གནས་བྱེད་པ་ཡིན་ན་དགེ་མཚན་ཆེ་བར་མཐོང་སྟེ་མཉམ་གནས་བྱེད་བཞིན་ཡོད།
དེར་བརྟེན་ངོས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་ཆིག་སྒྲིལ་གྱི་ངོ་བོར་བསྔགས་བརྗོད་བྱེད་བཞིན་ཡོད། མ་འོངས་པར་ཨ་ཕི་རི་ཀ་དང་ལྷོ་ཨ་མི་རི་ཀ ཨེ་ཤི་ཡ་བཅས་སོ་སོའི་མཐུན་ཚོགས་དང་། རིམ་པས་འཛམ་གླིང་གི་རྒྱལ་ཁབ་ཚང་མ་མཉམ་བསྡུས་ཀྱི་མཐུན་ཚོགས་ཤིག་ཡོང་རྒྱུ་དང་། དཀའ་རྙོག་ཇི་འདྲ་ཞིག་ཡིན་རུང་དཀའ་ངལ་དེ་སེལ་རྒྱུའི་ཐབས་ལམ་ཉག་ཅིག་ནི་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུ་ཡིན།
རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ནས་འཚེ་བ་མེད་པའི་ལྟ་གྲུབ་ཉམས་ལེན་བྱེད་བཞིན་ཡོད། ཨ་ཧིམ་ས་བརྗོད་སྐབས་འཇིག་སྣང་དབང་གིས་འཚེ་བའི་ལས་འཛེམས་རྒྱུ་དེ་འདྲ་ཞིག་རྩ་བ་ནས་མིན། ཨ་ཧིམ་ས་ཞེས་པའི་གོ་དོན་ནི་གཞན་གྱི་ཚེ་སྲོག་ལ་གུས་བརྩི་དང་གཞན་གྱི་བདེ་དོན་ལ་བསམ་བློ་གཏོང་རྒྱུ་དེ་ཡིན། རྒྱ་གར་རང་ནས་དར་འཕེལ་བྱུང་བ་གྲངས་ཅན་པ་དང་རིག་པ་ཅན་པ། གཅེར་བུ་བ། ནང་པ། སིག་བཅས་འཆམ་མཐུན་ངང་ལོ་ངོ་མང་པོའི་རིང་མཉམ་གནས་ཐུབ་ཡོད་པ་ཙམ་དུ་མ་ཟད། ཕྱི་ནས་རྒྱ་གར་ནང་དར་འཕེལ་བྱུང་བའི་ཡེ་ཤུ་དང་ཁ་ཆེ། ཇིའུ། ཛོ་ར་ཛུ་དིན་བཅས་ཀྱང་རྒྱ་གར་ནང་འཆམ་མཐུན་ངང་གནས་བཞིན་ཡོད། ངོས་རང་འཛམ་གླིང་ཡུལ་གྲུ་གང་དུ་ཕྱིན་ཀྱང་ངོས་རང་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་སྤེལ་མཁན་གྱི་བང་ཆེན་དང་རྒྱ་གར་གྱི་བུ་ཡིན་བསམ་པ་དྲན་བཞིན་ཡོད། ཅེས་ཞེས་བརྗོད་ཀྱི་ཡོད། རྒྱུ་མཚན་ནི་ངོས་ཀྱི་ཀླད་པའི་རྫས་ཕྲ་ཕུང་དེ་དག་དཔལ་ནཱ་ལེནྡའི་ལེགས་བཤད་ཀྱིས་ཁེངས་ཤིང་། འདས་པའི་ལོ་ངོ་ ༥༨ ལྷག་རིང་ལུས་པོ་འདི་རྒྱ་གར་གྱི་འབྲས་དང་སྲན་མ། བག་ལེབ་བཅས་ལ་བརྟེན་ནས་འཚོ་བ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཏི་ལངྒ་ན་མངའ་སྡེའི་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་བསྟོད་ཀྱི་གསོལ་ཚིགས་འདེགས་འབུལ་ཞུས་ཡོད།།