༢༠༡༧ ཟླ་ ༢ ཚེས་ ༤ རེས་གཟའ་པ་སངས།
༄༅། །སྐུ་ཞབས་ Prof. Deepak Mukhi, Programme Director, The Oxford Programme for Undergraduate Studies, UK ལགས་ནས་ ༢༠༡༧ ཟླ་ ༤ ནས་ ༦ བར་ཟླ་གསུམ་དུས་ཐུང་སློབ་སྦྱོང་ཆེད་སློབ་ཡོན་གྲངས་གཉིས་གནང་རྒྱུའི་ཞལ་བཞེས་བྱུང་ཡོད། སློབ་སྦྱོང་གི་དུས་ཡུན་རིང་ཟས་དོད་ཆེད་བདུན་ཕྲག་གཅིག་ལ་ཨིན་སྒོར་ ༥༠ ཐམ་པ་དམིགས་བསལ་གནང་རྒྱུ་ཞལ་བཞེས་ཡང་བྱུང་ཡོད། འོན་ཀྱང་ཕར་ཚུར་གནམ་གླ་དང༌། ལག་དངུལ་སོགས་འགྲོ་གྲོན་ཁག་རང་ངོས་ནས་གཏོང་དགོས། སློབ་ཡོན་འདི་བརྒྱུད་སོ་སོའི་ཤེས་ཚད་དང་ཁྱད་མཁས་དེ་བཞིན་མཐོང་རྒྱ་ཐོས་རྒྱ་དང་ཉམས་མྱོང་སོགས་གོང་འཕེལ་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཡིན་སྟབས་ཤེས་རིག་ལས་ཁུངས་ནས་ས་མིག་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གནས་རིམ་སྡེ་སྒན་ནས་ཟུང་དྲུང་བར་དང༌། གཞན་ཞིག་ཤེས་རིག་ལས་ཁུངས་ཀྱིས་ཁྱབ་ཁོངས་བོད་རིགས་སློབ་དགེ་རྣམས་ལ་དམིགས་བསལ་ཟུར་འཇོག་ཞུས་ཡོད།
དམིགས་བསལ་ཐུགས་སྣང་དགོས་པ་ཞིག་ལ་སློབ་གྲའི་མཐའ་མའི་འདེམས་རྒྱུགས་སྐབས་སུ་རང་ལོ་ ༢༠ ནས་ ༢༥ བར་གྱི་འཚང་སྙན་འབུལ་མཁན་ལ་དམིགས་བསལ་དགོངས་བཞེས་ཡོད་པ་གསལ་འདུག སློབ་ཡོན་གྱི་སློབ་ཚན་ཁག་ www.oxfordprogram.com དྲ་ཚིག་ནང་འདེམས་སྒྲུག་གནང་འཐུས་ཀྱང་སོ་སོའི་ཁྱད་མཁས་དང་ཤེས་ཚད་དང་འབྲེལ་ཆགས་སློབ་གཉེར་གནང་མཁན་རིགས་ལ་ངག་རྒྱུགས་སྐབས་དམིགས་བསལ་བརྒྱ་ཆ་འབུལ་རྒྱུ།
ཞུགས་བློ་ཡོད་རིགས་རྣམས་གཤམ་གསལ་སྡེ་ཚན་སོ་སོར་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ངོ་བཤུས་འཚང་སྙན་ཁག་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༧ འགྱངས་མེད་འདི་ག་ཤེས་རིག་ལས་ཁུངས་སུ་འབུལ་ཟིན་པ་དགོས་རྒྱུ་དང་ངག་རྒྱུགས་ ༢༠༡༧།༢།༢༡ ཉིན་གནང་སྟེ། གྲུབ་འབྲས་ལྟར་བརྒྱ་ཆ་རྩེ་བཏོག་གིས་སྡེ་ཚན་སོ་སོའི་ནང་ནས་མི་འགྲོ་འདེམས་སྒྲུག་གནང་རྒྱུ་ཡིན་ཀྱང༌། མཐའ་མའི་མི་འགྲོ་དེ་གོང་གསལ་ཚོགས་པས་འདེམས་སྒྲུག་གནང་གཏན་འཁེལ་ཡོད།
སྡེ་ཚན་དང་པོ་སློབ་གྲྭའི་དགེ་རྒན།
༡། དོ་བདག་སོ་སོའི་མིང་དང་ལོ་རྒྱུས་ཞིག་འབུལ་གནང་དགོས་རྒྱུ།
༢། ཉུང་མཐའ་ལོ་གསུམ་དགེ་རྒན་ཉམས་མྱོང་ཡོད་པ།
༣། འབྲེལ་ཆགས་སློབ་གྲྭའི་འཛིན་སྐྱོང་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།
༤། དྭང་བླངས་དཔྱ་ཁྲལ་ ༢༠༡༦ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ངོ་བཤུས།
༥། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས།
༦། ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་དགེ་རྒན་འོས་སྦྱོང་གི་ལག་འཁྱེར་ངོ་བཤུས།
༧། ཕྱིར་བསྐྱོད་ལག་འཁྱེར་སེར་པོའི་ངོ་བཤུས་བཅས།
སྡེ་ཚན་གཉིས་པ་སྲི་ཞུ་ལས་བྱེད།
༡། དོ་བདག་སོ་སོའི་མིང་དང་ལོ་རྒྱུས་ཞིག་འབུལ་གནང་དགོས་རྒྱུ།
༢། སྲི་ཞུ་བ་རང་ཉིད་ལས་བྱེད་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞིའི་དོན་ཚན་ཉེར་གཉིས་པའི་ནང་གསེས་ ང༽ པ་ ལྟར་ཞབས་ལོ་ ༥ ཧྲིལ་པོ་ལོན་པ་ཞིག་དགོས།
༣། དོན་ཚན་ཉེར་གཉིས་པའི་ནང་གསེས་ ཁ༽ ག༽ ཅ༽ ཆ༽ བཅས་ལག་བསྟར་བྱ་རྒྱུར་མོས་མཐུན་ཡོད་དགོས།
༤། འབྲེལ་ཆགས་ལས་ཁུངས་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།
༥། ཉུང་མཐའ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ངོ་བཤུས།
༦། ཕྱིར་བསྐྱོད་ལག་འཁྱེར་སེར་པོའི་ངོ་བཤུས།
འདེམས་ཐོན་མི་འགྲོ་དེ་དག་ནས་ཤེས་རིག་ལས་ཁུངས་མཉམ་གན་རྒྱ་འཇོག་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༣ ལ།
Secretary (Oxford 2017)
Department of Education CTA
Gangchen Kyishong
P.O. Dharamsala – 176 215
District Kangra, H.P.
For inquiry, please contact:
Ngawang Yonten
Email: [email protected] & [email protected]
Phone: +91-1892 -222572, 222721
Web: www.sherig.org
FB: www.facebook.com/doe.lobyon/