ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༨ ཉིན་ནས་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནག་སྤུར་ནང་པའི་མཐུན་ཚོགས་ནས་མགྲོན་འབོད་གནང་བ་ལྟར། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ཡོད་སའི་ས་ཆར་ལྷ་ཁང་ཞིག་གསར་བཞེངས་གནང་ནས་ལོ་ ༡༠ འཁོར་བའི་དུས་དྲན་སྲུང་བརྩི་ཕྱི་ཟླ་ ༢ ཆེས་ ༨ ཉིན་གནང་གཏན་འཁེལ་བར་དཔལ་ལྡན་ཚོགས་གཞོན་མཆོག་སྐུ་མགྲོན་དུ་བཅར་ཡོད།
དེ་ཡང་མཛད་སྒོའི་ལས་རིམ་ནི། ཆོས་ཕྱོགས་དང་འབྲེལ་བ་ཡིན་ལ། རྒྱལ་ཁབ་གཞན་གྱི་སྐུ་ཚབ་ཀྱང་མང་པོ་ཕེབས་ཡོད། དཔལ་ལྡན་ཚོགས་གཞོན་མཆོག་གིས་མཛད་སྒོའི་སྐབས་སུ་བོད་ནང་གི་གནས་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་མཛད་འཕྲིན་དང་ཐུགས་ཀྱི་དགོངས་གཞི། ལྷག་པར་ནང་པའི་རྒྱལ་ཁབ་ཕན་ཚུན་མཐུན་སྒྲིལ་གནང་དགོས་པ། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ནང་པའི་རྒྱལ་ཁབ་སྤྱི་ཡོངས་ནས་ཐུགས་སྣང་ཐོག་རྒྱབ་སྐྱོར་ཡོང་ཐབས་ཀྱི་འབོད་སྐུལ་ཞུ་གནང་བ་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་ཕྱི་ཚེས་ ༩ ཉིན་ནང་པའི་སློབ་གཉེར་ཁང་ཞིག་གི་དབུ་འབྱེད་མཛད་སྒོའི་ཐོག་བཅར་ཏེ། བོད་ནང་གི་སློབ་མའི་གནས་སྟངས་དང་། བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་ཐོག་གསུང་བཤད་གནང་ཡོད། དེ་རྗེས་སྐུ་མགྲོན་ཡོངས་ལ་བོད་མིའི་ཚབ་ཞུས་ཏེ་འཚམས་འདྲི་དང་ཕྱག་རྟགས་ཕུལ་གནང་ཡོད་པའི་གནས་ཚུལ་དུ་སྙིང་བསྡུས་སུ།།