ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཙམ་སྐྱབས་རྗེ་ཉག་རེ་མཁན་སྤྲུལ་ངག་དབང་དགེ་ལེགས་རིན་པོ་ཆེ་མཆོག་ཨ་རིའི་མི་ཆི་གྷན་མངའ་སྡེའི་ནང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པར་ཨ་རིའི་སྐུ་ཚབ་དོན་ཁང་ནས་རིན་པོ་ཆེ་མཆོག་གི་ཤུལ་ལུས་ནང་མི་ལྷན་རྒྱས་དང་ས་ཕྱོགས་གང་སར་གནས་པའི་སློབ་མ་ཡོངས་ལ་ཐུགས་གསོ་གནང་འདུག
དེ་ཡང་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༣༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་ཤིང་། དགུང་གྲངས་བཞིའི་ཐོག་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་ཉག་རེ་མཁན་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད། ལོ་ན་ཆུང་དུས་གཞུང་ཆེན་ཁག་ལ་གསན་གཟིགས་སློབ་གཉེར་གནང་སྟེ་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་ཡང་བཞེས་ཡོད། རིན་པོ་ཆེ་དམ་པ་མཆོག་གིས་ཨ་རིས་གཙོས་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་ནང་བོད་ཀྱི་ནང་ཆོས་འཆད་ཁྲིད་གནང་བ་མ་ཟད། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ལོ་མང་ནས་བོད་རིགས་གཞོན་སྐྱེས་ཚོ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐོ་སློབ་སློབ་མ་བཅས་ལ་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་གོ་སྒྲིག་ཞུ་བཞིན་པའི་ཐོག་ཕྱག་རོགས་གང་ལེགས་གནང་ཡོད། །