༢༠༡༧ ཟླ་ ༢ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༩ རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆར་ཌི་སྒེར་ Richard Gere མཆོག་གིས། འཇར་མན་སྲིད་འཛིན་ལྕམ་སྐུ་ཨེན་གེ་ལ་མར་ཀེལ་ Angela Merkel མཆོག་གི་ལས་ཁུངས་སུ་བཅར་ནས་སྲིད་འཛིན་མཆོག་ལ་བོད་ཀྱི་གནས་སྟངས་སྐོར་གསལ་བཤད་ཞུས་འདུག
དེ་ཡང་སྲིད་འཛིན་མཆོག་གི་མགྲིན་ཚབ་པ་སྐུ་ཞབས་སི་ཊེ་ཕན་སེ་བྷར་ཊི་ Steffen Seibert ལགས་ཀྱིས་མཇལ་འཕྲད་སྐོར་གསུང་དོན། སྲིད་འཛིན་མཆོག་དང་སྐུ་ཞབས་སྒེར་རྣམ་གཉིས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་གོ་བསྡུར་གནང་ཡོད། ཅེས་གསུངས་པ་ལས་རྒྱས་བཤད་གང་ཡང་གནང་མེད།
གཞན་ཡང་འཇར་མན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ International Campaign for Tibet གི་འགན་འཛིན་སྐུ་ཞབས་ཀ་ཡི་མུལ་ལར་ Kai Muller ལགས་ཀྱིས་སྐུ་ཞབས་རི་ཆར་ཌི་སྒེར་མཆོག་གི་སྐོར་གསུང་དོན།
ཁོང་དང་འཇར་མན་ཆེས་མཐོའི་དཔོན་རིགས་ཚོའི་དབར་འབྲེལ་ལམ་དམ་ཟབ་ཡོད་པ་དེས་བོད་དོན་ཐོག་ཕན་ཐོགས་ཧ་ཅང་འདུག ལྷག་པར་གཉན་འཕྲང་ཆེ་བའི་དུས་སྐབས་སུ་ཕན་ཐོགས་དེ་བས་ཆེ་བ་འདུག ཐེངས་འདིར་སྐུ་ཞབས་རི་ཆར་ཌི་སྒེར་མཆོག་གིས་འཇར་མན་སྲིད་འཛིན་མཆོག་ལ་ཉེ་ལམ་བོད་ནང་གི་གནས་སྟངས་སྐོར་གསལ་བཤད་ཞུས་པ་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་དཀའ་ངལ་སེལ་ཆེད་ཐབས་ལམ་ཇི་འདྲ་ཡོད་མིན་ཐད་གསུང་མོལ་ཡང་གནང་འདུག ཅེས་གསུངས།
སྐུ་ཞབས་རི་ཆར་ཌི་སྒེར་མཆོག་ནི་ཡུན་རིང་ནས་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་ཞིག་ཡིན་པ་མ་ཟད། བོད་དོན་དང་བོད་མིར་ཧ་ཅང་ཤ་ཚ་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན།།