ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༤ ནས་ ༡༢ བར་བདུན་ཕྲག་གཅིག་རིང་དབྱིན་ཡུལ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་དབྱིན་ཡུལ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིས་དབུས་པའི་གྲོས་ཚོགས་འཐུས་མི་གཞན་ཁག་གཅིག་དང་། གཞུང་འབྲེལ་མི་སྣ་ཁག་གཅིག་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་དང་། དེ་བཞིན་ཁེམ་སྦི་རི་ཇི་ Cambridge གཙུག་ལག་སློབ་ཁང་དུ་ Diaspora Identity: the Notions of Belonging in, and Longing for, a Homeland ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་།
གཞན་ཡང་ཝེ་སི་མིན་སི་ཊར་ Westminster གཙུག་ལག་སློབ་ཁང་དུ་བོད་ཀྱི་གནད་དོན་གསལ་བའི་ཐབས་ལམ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གལ་གནད།༽ ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། ཁེམ་སྦི་རི་ཇི་གཙུག་ལག་སློབ་གྲྭར་གསུང་བཤད་ཀྱི་ལས་རིམ་སྐབས་མཉམ་འབྲེལ་རྒྱལ་ཚོགས་སུ་ཨིན་ཡུལ་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་ཇེ་རི་མི་གྷི་རིན་སོ་ཊོཀ་ Jeremy Greenstock མཆོག་དང་། རྩོམ་པ་པོ་ལྕམ་ ཀ་རིན་ཨམ་སི་ཊོང་Karen Armstrong ལགས་སོགས་གནད་ཡོད་མི་སྣ་ཁག་གཅིག་ཀྱང་ཕེབས་ཡོད། དེ་མིན་དྲུང་ཆེ་མཆོག་གིས་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་གསར་འགོད་པ་དང་། རྒྱ་ནག་ཐོག་མཁས་དབང་མི་སྣ་ཁག་གཅིག་དང་ལྷན་བོད་དོན་གླེང་སློང་གནང་བ་མ་ཟད། ཨིན་ཡུལ་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་བོད་རིགས་བཅས་ལ་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་ལས་དོན་གནང་ཕྱོགས་དང་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་ལམ་ལྷོང་ཡོང་བར་བཙན་བྱོལ་བོད་མི་ཚོས་ཕྱར་གྲུ་མཉམ་འདེགས་གནང་ཕྱོགས་ཐད་བཀའ་མོལ་གནང་འདུག །