ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་གཞུང་གི་སྲིད་བྱུས་སློབ་སྟོན་པ་དང་རང་དབང་མང་གཙོ་ཚོགས་པའི་གཞུང་འཛིན་ལྕམ་་ཡོ་ཤི་ཀོ་ས་ཀུ་རའི་ Ms Yoshiko Sakurai ལགས་དང་ལྷན་གྲོས་མོལ་གནང་ཡོད་པ་མ་ཟད་གྲོས་མོལ་དེ་ཉིད་གསར་འགྱུར་བརྒྱུད་ལམ་གཙོ་ཆེའི་ནང་འདོན་སྤེལ་གནང་རྒྱུ་ཡིན་འདུག
དེ་ཡང་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་བགྲོ་གླེང་གནང་སྐབས་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཊམ་ Donald Trump མཆོག་གི་སྲིད་གཞུང་གིས་རྒྱ་ནག་དང་ཉི་ཧོང་ཐོག་འཛིན་པའི་སྲིད་བྱུས་དང་། དེས་བོད་ཀྱི་གནད་དོན་ཐོག་གལ་གནད་ཇི་ཙམ་ཡོད་སྐོར་སོགས་ཀྱི་གྲོས་མོལ་གནང་ཡོད།
ལྕམ་སྐུ་ཡོ་ཤི་ཀོ་ས་ཀུ་རའི་ལགས་ནི་ཉམས་མྱོང་ལྡན་པའི་གསར་འགོད་པ་དང་མཁས་དབང་ཞིག་ཀྱང་ཡིན་པ་མ་ཟད། ་ཉི་ཧོང་རྒྱལ་ཡོངས་སྲིད་བྱུས་སློབ་སྟོན་སྒྲིག་འཛུགས་ནང་བོད་དང་བོད་མིར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་སྟོན་ཡོད།
ལྕམ་སྐུ་ཡོ་ཤི་ཀོ་ས་ཀུ་རའི་ལགས་ཀྱིས་བོད་ཀྱི་རྩ་དོན་ཆེད་རྒྱ་གར་གཞུང་གིས་ད་བར་མཐུན་འགྱུར་གནང་བ་ལྟར་ཉི་ཧོང་གཞུང་ནས་ཀྱང་དེ་ལྟར་གནང་རྒྱུའི་རེ་བ་ཡོད་སྐོར་སོགས་གསུངས།
དེ་ནས་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་གསུང་དོན། ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱིས་འབྱུང་འགྱུར་ལོ་ལྔའི་ནང་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དང་དེ་དང་ལྷན་བོད་མིའི་སྒྲིག་འཛུགས་ལོ་ལྔ་བཅུ་འཚོ་ཐུབ་པ་ཡིན་ན་ང་ཚོའི་ནུས་པ་འཕེལ་བ་དང་། དུས་ཡུན་ལོ་ལྔ་བཅུའི་རིང་བོད་མིའི་འཐབ་བརྩོད་དེ་ཡང་ལོ་ལྔ་བཅུ་བར་འཚོ་གནས་ཐུབ་ཀྱི་རེད། ང་ཚོས་བོད་ཀྱི་ཐུན་མིན་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་དང་ལྷན་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་དང་དཔལ་འབྱོར་ཐོག་རང་ཁ་རང་གསོ་ཐུབ་པ་ཞིག་དགོས། ལོ་ལྔའི་ནང་དམིགས་ཡུལ་གཙོ་ཆེ་ཤོས་ནི་ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་རེད།
ལོ་ལྔའི་ནང་དབུ་མའི་ལམ་གཞི་བཞག་པའི་ཐོག་ནས་བོད་རྒྱ་ཞི་མོལ་བྱུང་སྟེ་མིང་དོན་མཚུངས་པའི་རང་སྐྱོང་རག་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་རྩ་ཆེ་བའི་འགན་རེད། འདི་ལོ་ལྔའི་ནང་སྒྲུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ལོ་ལྔ་བཅུའི་ནང་རྒྱ་ནག་རིམ་བཞིན་འགྱུར་བ་འགྲོ་གི་རེད། ཅེས་སོགས་གསུངས།།