༢༠༡༧ ཟླ་ ༢ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢ ཉིན་གྱི་ཕྱེད་ཡོལ་རྡ་ས་གྷ་གྷལ་གནམ་ཐང་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ལྡི་ལིར་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་རྗེས་ཕྱི་ཚེས་ ༤ ཉིན་ཉི་ཧོང་གྱི་རྒྱལ་ས་ཊོཀ་ཡོར་ཕེབས་ཐོན་གྱིས་ཕྱི་ཚེས་ ༦ ནས་༩ བར་སྐུ་སྒེར་གུང་གསེང་དང་།
ཕྱི་ཚེས་ ༡༠ ནས་ ༡༤ བར་ཊོཀ་ཡོར་རང་རིགས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་སོགས་གཞུང་དོན་ལས་དོན་ཁག་གྲུབ་རྗེས། ཕྱི་ཚེས་ ༡༥ ཉིན་ཁུལ་དེ་ནས་གྲོང་ཁྱེར་ཨོ་ས་ཀར་ཕེབས་ཐོན་གྱིས་ད་ལྟའི་བོད་ཀྱི་གནས་སྟངས་དང་བོད་ཀྱི་གནད་དོན་གསལ་ཐབས་སྐོར་མང་ཚོགས་ལ་གསུང་བཤད་གནང་རྒྱུ་མ་ཟད། ཕྱི་ཚེས་ ༡༧ ཉིན་ཏ་མ་གྷ་ལྦ་མཐོ་སློབ་ Tamagawa University ཏུ་ཕེབས་ཐོན་གྱིས་གསུང་བཤད་དང་ཚོགས་འདུ་གྲུབ་རྗེས་ཕྱེད་ཡོལ་ཏ་མ་གྷ་ལྦ་མཐོ་སློབ་ནས་ཉི་ཧོང་རྒྱལ་སར་སླར་ཊོཀ་ཡོར་ཕེབས་ནས་ཕྱི་ཚེས་ ༡༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཁུལ་དེ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༩ ཉིན་ལྡི་ལིར་གཞུང་འབྲེལ་ལས་དོན་རྣམས་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཚེས་ ༢༠ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
ད་ཐེངས་སྲིད་སྐྱོང་མཆོག་ཉི་ཧོང་དུ་དུ་གཞུང་འབྲེལ་ཕེབས་ཐེངས་གསུམ་པ་ཆགས་ཡོད། ཐོག་མར་ཕྱི་ལོ་ ༢༠༡༢ དང་དེ་རྗེས་ཕྱི་ལོ་ ༢༠༡༦ ལོར་ཕེབས་ཡོད་པ་བཅས།།