ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༨ ཉིན་འགོ་བཙུགས་ཞུས་པའི་ལོ་གཅིག་དང་ཕྱེད་ཀའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༧ ཉིན་མཇུག་བསྒྲིལ་ཅིང་། བསླབ་པ་མཐར་སོན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་གདན་ཞུས་ཀྱིས་དགེ་འོས་སློབ་ཐོན་པ་བུ་ ༧ དང་བུ་མོ་ ༡༢ ལ་ལག་འཁྱེར་གསོལ་སྩལ་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ལོ་གཅིག་དང་ཕྱེད་ཀའི་རིང་གོ་སྒྲིག་ཞུས་པའི་ལས་རིམ་ཁག་གི་ངོ་སྤྲོད་གནང་དོན་དུ། འོས་སྦྱོང་རིང་གཞི་རིམ་འོག་མའི་སློབ་ཚན་བོད་ཡིག་དང་། ཨང་རྩིས། ཚན་རིག སྤྱི་ཚོགས་ཚན་རིག་བཅས་ཀྱི་སློབ་ཁྲིད་ཐབས་ལམ་དང་ཁྲིད་ཆས་བཟོ་ཐབས། ཨིན་ཇི་ཁྲིད་ཐབས། སློབ་ཁྲིད་འཆར་འགོད་གནང་ཕྱོགས་བཅས་ཀྱི་སྐོར་སློབ་ཁྲིད་སླད་ཆེད་ལས་པ་གདན་ཞུས་གནང་ཡོད་ཅིང་། གཞན་ཡང་འོས་སྦྱོང་རིང་བོད་ཀྱི་བརྡ་སྤྲོད་དང་ནང་ཆོས། ལྷག་པར་དུ་ཟླ་བ་གཅིག་ལྷག་རིང་རིགས་ལམ་སློབ་ཁྲིད་དང་། རི་མོའི་སྦྱོང་བརྡར། དབུགས་སྦྱོང་། བྱིས་པའི་ཀློག་རྩལ་གྱི་ཟབ་སྦྱོང་། རྩོད་རྙོག་འདུམ་སྒྲིག་སོགས་ལས་རིམ་སྣ་མང་གོ་སྒྲིག་ཞུས་པ་མ་ཟད། དྷ་ས་ཉེ་འཁོར་གྱི་བོད་ཁྱིམ་དང་སཾ་བྷོ་ཊ་བཅས་ཀྱི་སློབ་ཁག་ལྔའི་ནང་ཟླ་བ་གཅིག་ལྷག་རིང་སློབ་ཁྲིད་ཀྱི་སྦྱོང་བརྡར་དུ་ཆེད་གཏོང་ཞུས་ཏེ། ད་ལམ་དགེ་འོས་སློབ་མ་ ༡༩ ཆ་ཚང་འབྲི་རྒྱུགས་དང་སློབ་ཁྲིད་ལག་ལེན་གཉིས་ཀར་ཆ་སྙོམ་བརྒྱ་ཆ་ ༦༠ ཡན་ལོན་ཏེ་ཨང་སྡེ་དང་པོའི་ནང་རྒྱུགས་འཕྲོད་ཡོད་པ་བཅས་ཀྱི་ལས་བསྡོམས་སྙན་སྒྲོན་གནང་།
དེ་ནས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་དགེ་རྒན་གྱི་གལ་གནད་དང་། དགེ་རྒན་གྱི་མཚན་ཉིད། དགེ་རྒན་གྱི་ལས་གནས་ཀྱི་རང་བཞིན། དགེ་རྒན་གྱི་འགན་འཁྲི། སོ་སོའི་ཆེད་ལས་དུས་ནས་དུས་སུ་ཡར་རྒྱས་གཏོང་རྒྱུ་གལ་ཆེ་བའི་སྐོར་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་དགེ་འོས་སློབ་ཐོན་པ་རྣམས་ལ་བླང་དོར་གྱི་གསུང་བཤད་གནང་དོན་དུ། ང་ཚོས་རྒྱུན་དུ་སྤྱི་ཚོགས་ཞབས་ཞུ་གལ་ཆེ་སྐོར་བཤད་སྐབས་མང་པོ་ཞིག་གིས་གཞུང་ཞབས་ཁོ་ན་བྱ་དགོས་པ་སྙམ་སྲིད་ཀྱང་། ངས་དགེ་རྒན་ནི་སྤྱི་ཚོགས་ཞབས་ཞུ་ནང་ནས་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། དེས་ན་ཤེས་རིག་ལས་ཁུངས་ནས་ཆེད་མངགས་ཁྱེད་རང་ཚོར་དགེ་རྒན་གྱི་སྦྱོང་བརྡར་སྤྲད་དེ་རིང་མིན་དགེ་རྒན་གྱི་ལས་སྒོར་ཞུགས་པའི་དུས་ལ་སླེབས་ཡོད། སྤྱིར་སྤྱི་ཚོགས་ནང་ལས་རིགས་འདྲ་མིན་དུ་ཞུགས་རྒྱུའི་གོ་སྐབས་ཡོད་མོད། འོན་ཀྱང་ཁྱེད་རང་ཚོའི་ཆེད་ལས་གཙོ་བོ་དགེ་རྒན་ཡིན་པར་སོང་ལས་རིགས་འདྲ་མིན་ནང་ཞུགས་རྒྱུའི་བསམ་བློ་མ་གཏང་བར་དགེ་རྒན་གྱི་ལས་གནས་རང་ལ་གཙིགས་སུ་འཛིན་ནས་སོ་སོའི་ཐོག་མའི་དམིགས་ཡུལ་གྱི་ཁ་ཕྱོགས་མ་ནོར་བར་གནང་དགོས། དེང་སང་གཞོན་སྐྱེས་མང་པོ་ཞིག་སློབ་སྦྱོང་ཐོན་པ་དང་སོ་སོའི་འཚོ་བའི་དོན་དུ་ཕྱི་རྒྱལ་ལ་ཁ་ཕྱོགས་བསྒྱུར་ཐབས་བྱས་པ་དེ་ནི་ངའི་བསམ་པར་སོ་སོ་བོད་པ་ཞིག་ཡིན་པའི་དམིགས་ཡུལ་དེ་བརླག་འགྲོ་གི་འདུག་སྙམ། ང་ཚོ་བཙན་བྱོལ་ལ་སླེབས་ཙམ་ནས་༸གོང་ས་མཆོག་གིས་ང་ཚོའི་ཆབ་སྲིད་ཀྱི་གནས་བབ་ལ་གཞིགས་ཏེ་བོད་ཕྲུག་ཚོར་སློབ་སྦྱོང་མེད་ན་མ་འགྲིགས་པ་དང་། བོད་མིའི་ངོ་བོ་མ་བརླག་པའི་ཕྱིར་བོད་མིའི་སློབ་གྲྭ་ཟུར་འཛུགས་གནང་བའི་དམིགས་ཡུལ་གང་ཡིན་པ་ངས་ཞུ་མི་དགོས་པར་ཁྱེད་རང་ཚོས་སློབ་གྲྭའི་དུས་ཚོད་ཉིད་ནས་གོ་བསྡད་པ་ཞིག་རེད། དེའི་བཀའ་དྲིན་གྱིས་དུས་ད་ལྟའི་བར་ང་ཚོ་བོད་མི་ཞིག་དང་བོད་པའི་སེམས་འཁྱེར་ནས་བསྡད་ཡོད་ལ། བོད་སྤྱི་པའི་ཐོག་ལ་བསམ་བློ་གཏོང་ནས་བསྡད་ཡོད། དེས་ན་ཁྱེད་རང་ཚོ་ཡང་མ་འོངས་པར་ཕྱི་རྒྱལ་ལ་འགྲོ་འདོད་དང་ལས་རིགས་གཞན་དག་ནང་འགྲོ་འདོད་སླེབས་མ་སྲིད་པ་མིན་པས། ང་ཚོས་འགྲོ་མི་ཆོག་ཅེས་ཞུས་མི་ཐུབ་ཀྱང་སོ་སོའི་དམིགས་ཡུལ་གྱི་ཁ་ཕྱོགས་མ་ནོར་བ་གནང་རྒྱུ་གལ་ཆེ་སྐོར་གསུངས།
དགེ་རྒན་ནི་ཁམས་དང་མོས་པ་སྣ་ཚོགས་པའི་སློབ་ཕྲུག་དུ་མའི་ལྷན་དུ་འགྲོགས་འདྲིས་དགོས་པ་དང་། སྐབས་རེ་སློབ་ཚན་གྱི་ནང་དོན་དཔྱིས་ཕྱིན་མ་ཤེས་པའམ་སློབ་ཁྲིད་ཀྱི་གྲ་སྒྲིག་ཚགས་ཚུད་མ་བྱུང་བའི་རྐྱེན་གྱིས་དགེ་རྒན་གྱི་ལས་ཀར་སྤྲོ་སྣང་ཞན་དུ་འགྲོ་བ་ལྟ་བུ་འབྱུང་སྲིད་པས། དེ་འདྲའི་གནས་སྐབས་སུ་སེམས་ཤུགས་མ་ཆག་པར་མུ་མཐུད་སོ་སོའི་ཆེད་ལས་ཡར་རྒྱས་ཀྱི་ཐོག་ལ་བསམ་བློ་བཏང་སྟེ་བློ་སྟོབས་བསྐྱེད་དགོས། སྤྱིར་བཏང་དེང་སང་སྤྱི་ཚོགས་ནང་དགེ་རྒན་ལ་ཆེ་མཐོང་མེད་ལུགས་གསུངས་པ་བདེན་པ་ཡིན་མིན་ལ་མ་ལྟོས་པར། གཙོ་བོ་དགེ་རྒན་རང་ཉིད་ནས་སློབ་ཕྲུག་ལ་ཤ་ཚ་དང་བརྩེ་བས་ཀུན་ནས་བསླངས་ནས་སློབ་ཁྲིད་ཚགས་ཚུད་གནང་ཐུབ་ཚེ་མང་ཚོགས་ནས་ཀྱང་རང་བཞིན་གྱིས་ཆེ་མཐོང་འཐོབ་ངེས་ཡིན་ལ། སློབ་ཕྲུག་ཚོས་ཀྱང་མི་ཚེ་ཧྲིལ་པོའི་རིང་དགེ་རྒན་གྱི་བཀའ་དྲིན་རྗེས་སུ་དྲན་འོས་པ་ཞིག་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་བ་དང་། སློབ་ཕྲུག་ཁོངས་སྒྲིག་ལམ་ཚུལ་བཞིན་བརྩི་སྲུང་ཞུ་མཁན་དང་མ་ཞུ་མཁན་ཅི་རིགས་ཡོང་ཆོག་པས། སློབ་ཕྲུག་ཁག་ཅིག་ལ་ཉེས་ཆད་རྐྱང་རྐྱང་གིས་ཡར་རྒྱས་འགྲོ་རྒྱུའི་ཚབ་ལ་སྡུག་ཏུ་འགྲོ་སྲིད་པས། དེས་ན་སངས་རྒྱས་ཀྱིས་ཀྱང་གདུལ་བྱ་ཁམས་དང་བསམ་པ་སྣ་ཚོགས་ལ་གང་ལ་གང་འདུལ་གྱི་ཐབས་ཚུལ་བསྟན་པ་ལྟར། དགེ་རྒན་རྣམས་ནས་ཀྱང་ཐབས་ཚུལ་མ་ནོར་བར་དགོས་རྒྱུ་གལ་ཆེ་ཞིང་། ༸གོང་ས་མཆོག་གིས་ཀྱང་སྤྱིར་ཤེས་ཡོན་སྐོར་དང་ཡང་སྒོས་དགེ་རྒན་གྱིས་ཐབས་ཚུལ་དང་འབྲེལ་བའི་སྐོར་བཀའ་སློབ་ཟབ་ཅིང་རྒྱས་པ་ཡོད་པ་རྣམས་ངེས་པར་དུ་དུས་ནས་དུས་སུ་ལྟ་ཀློག་བྱ་དགོས་པ་སོགས་ཀྱི་ལམ་སྟོན་གནང་སྟེ་མཛད་སྒོ་མཇུག་བསྒྲིལ།
སྐབས་འདིའི་འོས་སྦྱོང་ཐོན་པའི་དགེ་རྒན་ ༡༩ རྣམས་དགེ་རྒན་གྱི་ལས་སྒོར་དོ་དབྱིངས་དང་སྦྱོང་བརྡར་ཚད་ལྡན་ཐོབ་པའི་དགེ་རྒན་ཞིག་ཏུ་གྱུར་ཡོད་སྟབས། ཤེས་རིག་ཁྱབ་ཁོངས་སློབ་སྡེ་ཁག་དང་སྒེར་སློབ་ཁག་ནང་དགེ་རྒན་གྱི་དགོས་མཁོ་མཆིས་ཚེ། གོང་གསལ་གྱི་དགེ་འོས་སློབ་ཐོན་པ་རྣམས་དགེ་རྒན་ཡག་པོ་ཞིག་ཏུ་འགྱུར་རྒྱུའི་གཞི་རྩའི་ཆ་རྐྱེན་ཆ་ཚང་ལྡན་ཡོད་པས། ཤེས་རིག་ལས་ཁུངས་སུ་འབྲེལ་བ་གནང་རོགས་ཞུ།།