༢༠༡༧ ཟླ་ ༢ ཚེས་ ༡༡ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་རེག་སི་ཊི་ལར་སོན་ Rex Tillerson མཆོག་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན། སྐུ་ཉིད་མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཐེངས་ ༦༩ པར་བསྐོ་གཞག་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་ཞུས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། སྐུ་ཉིད་མཆོག་གི་ལས་འགན་གསར་པ་དེར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཨ་རིའི་གཞུང་གིས་བོད་མི་དང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་གནང་བར་ང་ཚོས་དུས་རྟག་ཏུ་དཀའ་འདྲིན་རྗེས་དྲན་ཞུ་བཞིན་ཡོད། སྐུ་ཉིད་མཆོག་གིས་དུས་ཚོད་འོས་འཚམ་ལྡན་པ་ཞིག་ནམ་གཟིགས་སྐབས་༸གོང་ས་མཆོག་དང་ལྷན་འཕྲལ་མར་མཇལ་འཕྲད་གནང་ཐབས་ཡོང་བ་ཞིག་གནང་རོགས། ཞེས་ངས་གུས་འདུད་དང་བཅས་སྐུ་ཉིད་མཆོག་ལ་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་གཞིས་ལུས་བོད་མི་རྣམས་དམ་བསྒྲགས་ཧ་ཅང་འོག་མུ་མཐུད་དཀའ་སྡུག་མྱོང་བཞིན་ཡོད། ཉེ་ལམ་ལོ་ཤས་ནས་བཟུང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲི་བཞིན་ཡོད། རང་དབང་ཁང་པས་ཕྱི་ལོ་ ༢༠༡༦ ནང་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། སི་རི་ཡའི་གནས་སྟངས་སྡུག་ཤོས་དང་། བོད་དེ་སྡུག་ཤོས་གཉིས་པར་ངོས་འཛིན་གནང་ཡོད།
ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་དཔའ་བོ་དཔའ་མོ་ ༡༤༥ རང་ལུས་མེར་སྲེག་བཏང་ཡོད། བློ་ཕམ་པ་ཞིག་ལ་དེ་ཁྲོད་བོད་མི་ ༡༢༥ འདས་གྲོངས་སུ་ཕྱིན་ཡོད། བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་གསལ་ཆེད་བོད་མིའི་དབུ་ཁྲིད་རྣམས་ལ་ཆོད་སེམས་བརྟན་པོ་ཡོད། སྐུ་ཉིད་མཆོག་གི་ལྷན་ཁང་ནས་རྒྱ་ནག་གཞུང་ལ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག བོད་མིའི་གནད་དོན་གསལ་ཆེད་དབུ་མའི་ལམ་གྱི་ཐབས་ལམ་གཞི་རྩར་བཟུང་ནས་རྒྱ་ནག་གཞུང་གིས་བོད་མིའི་དབུ་ཁྲིད་ཀྱི་སྐུ་ཚབ་འཐུས་མི་རྣམས་དང་ལྷན་གང་མགྱོགས་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་དང་སྦྲགས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་གཞག་གནང་རོགས་ཞུ་རྒྱུ་ཡིན། ད་བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ས་ར་སི་ཝེལ་མཆོག་གིས་བོད་དོན་དང་འབྲེལ་བའི་ལས་དོན་རྒྱུན་སྐྱོང་གནང་ཡོད། ཁོ་མོ་ནི་ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་ནང་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ཞབས་ཞུ་བསྒྲུབས་ཡོད། ཅེས་འཁོད་འདུག།