སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་གནས་བབ་ཐོག་ནས་རྒྱ་གར་གྱི་གོ་ས་སྐྱར་གསོ་ཡོང་ཐབས། Repositioning India : A Global Perspective ཞེས་པ་དང་། རྒྱ་གར་གྱི་བླ་སྲོག་དཔལ་ན་ལེནྡྲའི་གནའ་རབས་ཀྱི་ལེགས་སྦྱང་སླར་གསོ། Reviving the soul of India: the Nalanda tradition ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། སྐབས་དེར་རྒྱ་གར་ཙམ་མ་ཟད་འཇར་མན་ནི་སོགས་ཡུལ་གྲུ་འདྲ་མིན་ནས་སློབ་ཕྲུག་ ༡༠༠༠༠ ལྷག་མཉམ་ཞུགས་གནང་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་དེར་གསུང་བཤད་གནང་དོན། ཐོག་མར་ངས་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ཚོགས་པ་དང་ལྷག་པར་སྐུ་ཞབས་ར་ཧུལ་ Rahul ལགས་དང་ཝིཤྭ་ནཱཐ་ Vishwanath སོགས་ཀྱིས་འདིར་མགྲོན་འབོད་གནང་ནས་སྡིངས་ཆའི་ཐོག་སྐད་ཆ་ཤོད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་དེ་སྔ་ཡང་ཚར་གཅིག་འདིར་བཅར་ནས་སྐད་ཆ་བཤད་མྱོང་ཡོད། དེ་རིང་འདིར་གྱི་བརྗོད་གཞི་དང་འབྲེལ་ནས་གཏམ་བཤད་གནང་མཁན་མང་ཆེ་བས་རྒྱ་གར་རང་བཙན་ཐོབ་ནས་ལོ་ ༧༠ རིང་གི་གནས་སྟངས་གཙོ་བོར་བྱས་ནས་གཏམ་བཤད་གནང་སོང་བསམ་པ་དྲན་གྱི་འདུག འགའ་ཤས་ཀྱིས་ལོ་ ༧༠༠ རིང་རྒྱ་གར་ནང་མི་སེར་སྤེལ་བའི་རིང་ལུགས་ལག་བསྟར་བྱས་པའི་སྐོར་གསུངས་ཡོད། འོན་ཀྱང་ངས་དེ་རིང་ཕྱིར་ཤིག་བརྒྱབ་ནས་དུས་རབས་ ༡ དང་ ༡༣ ཙམ་སྐབས་རྒྱལ་སྤྱིའི་ཁྱོན་དུ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དཔལ་ཡོན་སོགས་གང་གི་ཆ་ནས་རྒྱ་གར་གྱི་གནས་སྟངས་ཡང་རྩེར་སོན་པའི་དུས་སྐབས་ལ་ལྟ་རྒྱུ་ཡིན། དེར་བརྟེན་དེ་རིང་གི་བརྗོད་གཞི་དེ་གོ་ལའི་གནས་བབ་ཐོག་ནས་རྒྱ་གར་གྱི་གོ་ས་སྐྱར་གསོ། ཞེས་པ་དེའི་ཚབ་ཏུ་ངས་བསམས་ན། གནའ་བོའི་རྒྱ་གར་གྱི་གོ་ས་སྐྱར་ལེན། ཞེས་འཇོག་དགོས་པ་འདུག དེའི་ཚེ་དེའི་དུས་རྒྱ་གར་ནི་རྒྱལ་སྤྱིའི་ཐོག་ནས་བརྗོད་ན་སྟོབས་འབྱོར་མངའ་ཐང་ཧ་ཅང་རྒྱས་ཤིང་། དེ་ཡང་དམག་དཔུང་དང་། ཚོང་འབྲེལ་ཐོག་ནས་དཔལ་འབྱོར་གྱི་གནས་སྟངས། དེ་བཞིན་སྤྱི་ཚོགས་ཀྱི་དཔལ་ཡོན་སོགས་ཕྱོགས་གང་ཅིའི་ཐོག་ནས་འཛམ་གླིང་ནང་རྒྱ་གར་གྱི་གོ་ས་དེ་ཡང་རྩེར་སོན་ཡོད།
འོན་ཀྱང་ད་ཆ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་གནས་སྟངས་ལ་འགྱུར་བ་ཇི་འདྲ་ཞིག་འགྲོ་བཞིན་ཡོད་པ་ཚང་མས་གཟིགས་ཐུབ། རྒྱལ་སྤྱིའི་རིང་ལུགས་ཀྱི་བསམ་བློ་དང་གུ་ཡངས་ཀྱི་བསམ་བློ། དེ་བཞིན་གོ་ལ་གཅིག་གྱུར་གྱི་འདུ་ཤེས་དང་མང་གཙོའི་རིང་ལུགས་ལ་ཐད་ཀར་གདོང་ལེན་བྱ་རྒྱུའི་ལམ་སྲོལ་ཞིག་དར་ནས་ཐལ་ཆ་ཆེ་བའི་རྒྱལ་ཞེན་རིང་ལུགས་དང་གཡས་ཕྱོགས་ཀྱི་བསམ་བློ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་མཇུག་སྒྲིལ་མཚམས་རྒྱལ་སྤྱིའི་ཁྱོན་དུ་རྒྱལ་ཞེན་གྱི་བསམ་བློ་གུ་དོག་ཅན་དང་གུ་ཡངས་མེད་པའི་བསམ་བློར་འགྱུར་བ་ཕྱིན་ནས་རྒྱལ་སྤྱི་དང་གུ་ཡངས་བསམ་བློ་དར་ཡོད། དེར་བརྟེན་སྐབས་དེར་ཐོག་མར་རྒྱལ་ཁབ་མཐུན་འབྲེལ་ཚོགས་པ་ The League of Nations བཙུགས་ཐུབ་པ་དང་། དེ་ནས་རིམ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ The United Nations འཛུགས་ཐུབ་པ་བྱུང་ནས་རྒྱལ་སྤྱི་དང་གུ་ཡངས་རིང་ལུགས་དར་འཕེལ་བྱུང་ཡོད། ལྷག་པར་ཨུ་རུ་སུ་དམར་པོའི་རིང་ལུགས་ཐོར་ཤིག་སོང་བ་དང་། འཇར་མན་གྱང་རོ་སོགས་ཞིག་རྗེས་འཛམ་གླིང་ཁྱོན་དུ་མང་གཙོའི་རིང་ལུགས་དང་རྒྱལ་སྤྱིའི་བསམ་བློ་དར་སྤེལ་ཤུགས་ཆེ་བྱུང་ཡོད་པའི་དཔེ་མཚོན་བཟང་ཤོས་ནི་ཡུ་རོབ་སྤྱི་མཐུན་ཚོགས་པ་ The European Union ཆགས་ཡོད།
འོན་ཀྱང་ཉེ་ལམ་ཨིན་ཡུལ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་ཕྱིར་འཐེན་བྱས་པ་ Brexit དང་། དེ་བཞིན་རུ་སུའི་སྲིད་འཛིན་པུ་ཏིན་ Vladimir Putin ལྟ་བུར་མཚོན་ན་རྒྱལ་ཞེན་ཐལ་ཆེའི་བསམ་བློ་འཛིན་མཁན་ཞིག་ཡིན་ཞིང་། དེ་བཞིན་ཨ་རིའི་ནང་ཉེ་ལམ་སྐུ་ཞབས་ཌོ་ནལ་ཊམ་ Donald Trump མཆོག་དང་། ཕི་ལི་པིན་ནང་སྲིད་འཛིན་དུ་ཏར་ཏེ་ Rodrigo Duterte བཅས་ལ་སྲིད་འཛིན་གྱི་འོས་ཤོག་གི་རྒྱལ་ཁ་ཐོབ་པ་སོགས་ལ་བརྟེན། ད་ཆ་རྒྱལ་སྤྱིའི་རིང་ལུགས་ཀྱི་བསམ་བློར་ཐད་ཀར་གདོང་ལེན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པའི་རྟགས་མཚན་ཧ་ཅང་གསལ་པོ་ཆགས་ཡོད། རྒྱལ་སྤྱིའི་སྤྱི་ཡོངས་ཀྱི་གནས་སྟངས་འདི་འདྲ་ཞིག་ལ་བསླེབས་ཡོང་སྐབས་རྒྱལ་སྤྱི་དང་རྒྱ་གར་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ། ངས་བསམ་པར་རྒྱ་གར་གྱིས་རྒྱལ་སྤྱིའི་ཐོག་རང་གི་གོ་ས་ཕྱིར་ལེན་ཆེད་དུས་རབས་དང་པོ་དང་བཅུ་གསུམ་ལ་ཕྱིར་ཤིག་རྒྱབ་ནས་ཨི་ཇིབ་དང་མེ་སོ་པོ་ཊེ་མི་ཡའི་སྤྱི་ཚོགས་ཀྱི་དཔལ་ཡོན་ Egyptian Civilization and Mesopotamian Civilization ཕུན་སུམ་ཚོགས་པ་དར་བ་དང་ཕྱོགས་མཚུངས་པའི་རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་ Indus Valley Civilization དར་འཕེལ་ཧ་ཅང་འབྱུང་བའི་གནས་སྟངས་ལ་ཕྱིར་ལྟ་བྱེད་དགོས། རྒྱ་གར་ནས་དར་བའི་ནང་ཆོས་དེ་ཨེ་ཤི་མངའ་ཁུལ་གྱི་ས་བབ་ཀྱི་ཆབ་སྲིད་གནས་སྟངས་ཐོག་ཤུགས་རྐྱེན་ཧ་ཅང་ཡོད་པར་བརྟེན། ནང་ཆོས་དེ་རྒྱ་གར་གྱི་འཇམ་པོའི་སྟོབས་ཤུགས་ཤིག་ཆགས་ཡོད། དུས་རབས་དང་པོ་ནས་བཅུ་དྲུག་བར་རྒྱལ་སྤྱིའི་དཔལ་འབྱོར་གནས་ཚད་ཀྱི་ཚད་གཞིའི་ཐོག་ནས་ལྟ་སྐབས་ཨང་དང་པོ་ཆགས་ཡོད་པ་མ་ཟད། སྨན་གྱི་ཐོག་ནས་ཀྱང་རྩེ་མོར་སོན་ཡོད། ལོ་ངོ་སྟོང་གཅིག་གི་རིང་དེར་རྒྱ་གར་འཛམ་གླིང་ནང་ཕྱུག་ཤོས་ཆགས་ཡོད། དུས་རབས་ ༡༦ བར་གནས་སྟངས་དེ་མུ་མཐུད་གནས་ཐུབ་པ་བྱུང་འདུག
དེ་ནས་རིམ་བཞིན་རྒྱ་གར་གྱི་གནས་སྟངས་ཉམས་གུད་ཕྱིན་ཡོད། གལ་ཏེ་རྒྱ་གར་གནའ་རབས་ཀྱི་གོ་ས་དེ་བསྐྱར་ལེན་བྱེད་དགོས་ན་རྒྱ་གར་སྲོལ་རྒྱུན་གྱི་བླ་སྲོག་དེ་བདག་པོ་བརྒྱབ་དགོས། ངའི་ཞུ་དོན་སྙིང་པོ་ནི། གོང་དུ་གཞན་ཞིག་གིས་གསུང་པ་ལྟར་རྒྱ་གར་གྱི་འཛམ་གླིང་ལ་རྔན་པ་ཡག་ཤོས་དེ་ནང་ཆོས་དར་སྤེལ་ཐུབ་པ་དེ་ཆགས་ཡོད། ཡི་ཤུའི་སྟོན་པ་མ་བྱོན་སྔོན་གྱི་དུས་རབས་ ༣ ནང་ཆོས་རྒྱལ་མྱ་ངན་མེད་སྐུ་དུས་སུ་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེ་གནང་ཡོད་པ་མ་ཟད། འཛམ་གླིང་ས་ཕྱོགས་གཞན་དུའང་དར་སྤེལ་གནང་ཡོད།
རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཤྲི་ལངྐ་དང་འབར་མ། ལའོ་སི། ཀེམ་བྷོ་ཌི་ཡ། ཐའི་ལེནྜི། དེ་བཞིན་དུས་རབས་ ༡༣ སྐབས་ནས་ཨིན་ཌོ་ནེ་ཤིའི་དང་ཀོ་རི་ཡ། ཉི་ཧོང་བཅས་ཚང་མའི་ནང་དུ་ནང་ཆོས་ཧ་ཅང་དར་གསོ་བྱུང་ཡོད། ཕྱོགས་མཚུངས་རྒྱ་གར་ནས་ནང་ཆོས་དེ་དབུས་ཨེ་ཤི་ཡའི་ས་ཁུལ་དུ་དར་འཕེལ་བྱུང་ཡོད་པ་ནི་དཔེར་ན། ཀཤྨིར་དང་སོག་ཡུལ། བོད་དང་འབྲུག རྒྱ་ནག འབྲས་མོ་ལྗོངས། བལ་ཡུལ་བཅས་ནས་ཨབ་གྷ་ནི་སི་ཐན་བར་ནང་ཆོས་དང་འབྲེལ་བའི་སྤྱི་ཚོགས་དཔལ་ཡོན་ཞིག་དར་ཁྱབ་ཧ་ཅང་བྱུང་ཡོད། དེར་བརྟེན་ཡུལ་གྲུ་དེ་དག་ནང་དེང་སྐབས་སུའང་རྒྱ་གར་གནའ་རབས་སྤྱི་ཚོགས་དཔལ་ཡོན་གྱི་ཤུགས་རྐྱེན་ཧ་ཅང་ཡོད། དེ་ནི་རྒྱ་གར་གྱི་རིག་གཞུང་ལ་གཞན་གྱིས་ཆེ་མཐོང་ཞུ་བ་ཞིག་ཆགས་ཡོད།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གར་ནི་ནང་པའི་ཆོས་དར་སའི་གནས་ཤིག་ཡིན་པ་དང་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་འཚང་རྒྱ་སའི་གནས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། ནང་ཆོས་ནི་དེང་སྐབས་རྒྱལ་སྤྱིའི་ཁྱོན་དུ་དར་འཕེལ་ཤུགས་ཆེ་འགྲོ་བཞིན་པའི་ཆོས་ལུགས་ཤིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་ཕྱི་མི་ཚོས་ནང་ཆོས་ནི་ཆོས་ལུགས་བྱེ་བྲག་པ་ལྟ་བུ་ཞིག་མིན་པར་རྒྱ་གར་སྤྱི་ཚོགས་དཔལ་ཡོན་གྱི་ཆ་ཤས་གལ་ཆེ་ཞིག་ལ་ལྟ་བཞིན་ཡོད།
དེང་སྐབས་འཛམ་གླིང་ནང་དུ་ནང་པ་བརྒྱ་ཆ་ ༩༨ ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་གནས་ཡོད་ཅིང་། ཨེ་ཤི་ཡའི་རྒྱལ་ཁབ་བཅུ་བཞིའི་ནང་གི་མི་འབོར་བརྒྱ་ཆ་ ༥༠ བརྒལ་བ་ནང་པ་ཆགས་ཡོད། དེའི་ཁྲོད་ནས་རྒྱལ་ཁབ་བདུན་ནང་གི་མི་འབོར་བརྒྱ་ཆ་དགུ་བཅུ་ཙམ་གྱིས་ནང་ཆོས་ཉམས་ལེན་གནང་མཁན་ཡིན། སངས་རྒྱས། ཆོས། དགེ་འདུན་བཅས་ལ་དཀོན་མཆོག་གསུམ་ཞེས་ནང་པ་ཚོས་ཞུ་སྲོལ་ཡོད་པ་ལྟར་ཨེ་ཤི་ཡའི་ཁྱོན་དུ་དེང་སྐབས་སུའང་ནང་ཆོས་ཀྱི་ལྟ་གྲུབ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་རྨང་གཞི་གཙོ་བཟུང་ཐོག་ཉིན་རེའི་འཚོ་བའི་ཁྲོད་ལག་བསྟར་བྱེད་བཞིན་ཡོད།
ནང་ཆོས་ནི་རྒྱ་གར་གྱི་འཇམ་པོའི་སྟོབས་ཤུགས་ཡིན་ཞིང་ནང་ཆོས་བརྒྱུད་ནས་ཨེ་ཤི་ཡ་སྤྱི་ཡོངས་ཀྱི་དབུ་འཕང་གོང་དུ་བསྟོད་ཐུབ་རྒྱུ་མ་ཟད། དེའི་བརྒྱུད་ནས་རྒྱ་གར་གྱི་གནས་སྟངས་རྩེ་མོར་སོན་ཐུབ། འོན་ཀྱང་བློ་ཕམ་པ་ཞིག་ལ་དེང་སྐབས་ནང་ཆོས་ཀྱི་འཇམ་པོའི་སྟོབས་ཤུགས་སྤྱིའི་ཐོག་བེད་སྤྱོད་གཏོང་མཁན་རྒྱ་གར་ལས་རྒྱ་ནག་ཤུགས་ཆེ་བ་ཆགས་ཡོད། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ནང་པའི་གནས་ཆེན་ཉམས་གསོ་དང་བསྟི་གནས་ཁང་གསར་འཛུགས་བྱ་རྒྱུ་སོགས་བརྒྱུད་ནས་རྒྱལ་ཁབ་དེ་དག་གིས་རྒྱབ་སྐྱོར་ཐོབ་པ་ཙམ་མ་ཟད། རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་སྐབས་སུའང་རྒྱ་ནག་ལ་རྒྱབ་སྐྱོར་ཐོབ་བཞིན་ཡོད། གནས་སྟངས་དེ་འདྲའི་འོག་རྒྱ་ནག་དེ་རྒྱ་གར་གྱི་ཁ་གཏད་ཆགས་ཡོད། དེ་སྔ་རྒྱ་གར་རྣལ་འབྱོར་པ་ཆེན་པོ་ཝི་ཝེཀ་ནནྡ་ Swami Vivekananda མཆོག་གིས་དུས་རབས་ ༢༡ ནི་རྒྱ་གར་གྱི་དུས་རབས་ཤིག་ཡིན། ཞེས་གསུངས་ཡོད་པ་དང་། ཕྱོགས་མཚུངས་མཁས་པ་མང་པོས་དུས་རབས་ ༢༡ ནི་ཨེ་ཤིའི་དུས་རབས་ཤིག་ཆགས་རྒྱུ་ཡིན་པ་ལུང་བསྟན་གནང་ཡོད། འོན་ཀྱང་དུས་རབས་ ༢༡ འདི་རྒྱ་གར་དང་རྒྱ་ནག་སུའི་ཆགས་མིན་ང་ཚོས་གཟིགས་རྒྱུ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།།