༢༠༡༧ ཟླ་ ༡ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་བུད་མེད་ཚོང་ལས་སྡེ་ཚོགས་ Federation of Indian Chamber of Commerce and Industries ཞེས་པའི་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཚོགས་པའི་ཚོགས་མི་རྣམས་ལ་བྱམས་བརྩེའི་ནུས་པ་སྐོར་བཀའ་སློབ་བཀའ་དྲིན་སྩལ་འདུག
དེ་ཡང་༸གོང་ས་མཆོག་རྒྱ་གར་གྱི་ཚོང་ལས་སྡེ་ཚོགས་ཀྱི་ལས་ཁུངས་སུ་༸ཞབས་སོར་འཁོད་སྐབས་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཝི་ནི་ཏ་བྷིམ་བྷ་ཏི་ Vinita Bimbhet ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་རྗེས་དམིགས་བསལ་སྐུ་མགྲོན་ལྕམ་སྐུ་པྲ་ཏི་བྷ་ཨ་དི་ཝ་ནི་ Pratibha Advani ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་པ་དང་འབྲེལ། ༸གོང་ས་མཆོག་གིས་ཁོ་མོའི་མ་དམ་པ་འདས་གྲོངས་སུ་འགྱུར་སྐབས་ཁོང་དང་ཁོང་གི་ཡབ་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ལལ་ཀྲིཤྣ་ཨཌ་བ་ནི་ L.K Advani མཆོག་ལ་ཐུགས་གསོ་མཛད་གནང་བར་ཁོ་མོ་ཧ་ཅང་དགའ་ཚོར་བྱུང་སྐོར་གསུངས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་གཅིག་གྱུར་ཆགས་ཡོད། ང་ཚོ་ཚང་མ་མའི་བྱམས་བརྩེར་བརྟེན་ནས་འཚོ་སྐྱོང་བྱས་ཡོད།
གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་ར་འཕྲོད་ཐུབ་པ་བྱུང་ཡོད། དེར་བརྟེན་ངོས་ལ་མ་འོངས་པར་འཛམ་གླིང་འདི་བཟང་ཕྱོགས་སུ་འགྱུར་ཐུབ་རྒྱུའི་རེ་བ་ཆེན་པོ་འདུག གང་ལ་ཞེ་ན། གལ་ཏེ་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་དེ་ཞེ་སྡང་གི་རང་བཞིན་ཅན་ཞིག་ཡིན་ན་རེ་བ་རྒྱག་ས་ཧ་ལམ་ལྷག་མེད། ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་དུས་རྟག་ཏུ་དངངས་སྐྲག་དང་ཁོང་ཁྲོའི་བློ་མ་རུང་པ་དེས་མིའི་ལུས་པོའི་ནང་ནད་སྔོན་འགོག་བྱེད་མཁན་གྱི་ཟུངས་ Immune System ཞེས་པ་དེ་ཉམས་རྒུད་དུ་གཏོང་བཞིན་ཡོད་པ་ར་འཕྲོད་བྱུང་ཡོད། དེར་བརྟེན་ང་ཚོས་དཀའ་ངལ་འཕྲད་སྐབས་བསམ་བློའི་ནང་ཞི་བདེ་བག་ཕེབས་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང་། བསམ་བློ་ཇི་ཙམ་བབས་ལྷིང་བརྟན་གསུམ་ཡོད་པ་དེ་ཚོད་ཀྱིས་དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་ལས་སླ་བ་དང་གོ་སྐབས་མང་བ་ཡོད།
གནས་སྟངས་ཛ་དྲག་ཇི་འདྲ་ཞིག་ཡིན་པ་དང་། དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་བསམ་བློ་ཞི་བདེ་བག་ཕེབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། མིའི་རྣམ་དཔྱོད་ཀྱི་ཐོག་ནས་ངོ་གདོང་ལ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དཀའ་ངལ་དེར་ཕྱོགས་ཡོངས་ནས་བལྟ་ཐུབ་རྒྱུ་ཞིག་ཡོད། རང་ཉིད་ལ་འཕྲད་བཞིན་པའི་དཀའ་ངལ་དེར་ཕྱོགས་ཡོངས་ནས་བལྟ་སྐབས་དཀའ་ངལ་དེ་དེ་ཙམ་ཛ་དྲག་པོ་ཞིག་དང་ཆེན་པོ་ཞིག་མིན་པ་ཤེས་རྟོགས་ཐུབ་རྒྱུ་རེད།
རྣམ་དཔྱོད་ཀྱི་ཤེས་རབ་དང་བྱམས་བརྩེ་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་ཚེ་སེམས་ནང་ཞི་བདེ་གོང་འཕེལ་གཏོང་ཐུབ། ངོས་རང་སྒེར་གྱི་ཉམས་མྱོང་ཐོག་ནས་བཤད་ན་སེམས་ནང་ཞི་བདེ་ཡོད་པ་དེས་ཁྱད་པར་ཧ་ཅང་ཆེན་པོ་བཟོ་ཐུབ། ལུས་བདེ་བར་བརྟེན་ལུས་པོའི་འཕྲོད་བསྟེན་ཡག་པོ་ཡོང་རྒྱུ་ཙམ་མ་ཟད། མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཀྱང་ཡོང་ཐུབ་པ་དང་། མཐར་རྒྱ་ཆེ་ས་ནས་བཤད་ན་འགྲོ་བ་མིའི་སྤྱི་ཚོགས་ཁྱོན་དུ་བདེ་སྐྱིད་ཡོང་བར་ཕན་ཐོགས་ཧ་ཅང་བཟོ་ཐུབ།
འོན་ཀྱང་འགྱུར་བ་དེ་ཐོག་མར་གང་ཟག་སྒེར་ནས་འགོ་འཛུགས་དགོས། སྐབས་རེ་མི་གཅིག་གིས་འཛམ་གླིང་འགྱུར་བ་གཏོང་ཟེར་རྒྱུ་ཁག་པོ་ཡིན་པའི་རྣམ་རྟོག་སྐྱེ་སྲིད། འོན་ཀྱང་སྤྱི་ཚོགས་ནང་འགྱུར་བ་གཏོང་རྒྱུ་དེ་མི་སྒེར་པ་ནས་འགོ་འཛུགས་དགོས། ང་ཚོས་ཚང་མ་འགྲོ་བ་མིའི་རིགས་ཀྱི་ཆ་ཤས་ཤིག་ཆགས་ཡོད་སྟབས། ང་ཚོ་ཚང་མར་སྤྱི་པའི་བདེ་དོན་ཆེད་ཞབས་འདེགས་བསྒྲུབ་རྒྱུའི་འགན་འཁྲི་དེ་ཡང་གཅིག་གྱུར་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་མཚམས། ཚོགས་མི་རྣམ་པའི་དྲི་བར་བཀའ་ལན་སྩལ་ཡོད།
ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Sri Aurobindo Education Society ཞེས་པའི་ཚོགས་པས་བཙུགས་པའི་ཨ་མའི་རྒྱལ་སྤྱིའི་སློབ་གྲྭར་ The Mother’s International School ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་ཡོད།
སྐབས་དེར་༸གོང་ས་མཆོག་གིས། འདས་ཟིན་པའི་དུས་རབས་ལ་བཅོས་ཐབས་མེད་ཀྱང་འབྱུང་འགྱུར་དུས་རབས་བཟང་ངན་ཇི་འདྲ་བཟོ་མིན་གཞོན་སྐྱེས་ཚོར་འགན་འཁྲི་དང་ནུས་པ་ཡང་ཡོད་སྐོར་དང་། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཁོ་ན་ལས་བཟང་སྤྱོད་ཀྱི་སློབ་གསོ་འདང་ངེས་ཤིག་མེད་སྟབས། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་སྐོར་སློབ་ཚན་གཏན་འབེབས་བྱེད་རྒྱུའི་དུས་ལ་བབ་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་རྗེས་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་སྩལ། དེ་ནས་སློབ་གྲྭའི་དགེ་ལས་མཐོ་གྲས་ཁག་གཅིག་དང་གསོལ་ཇ་ལྷན་བཞེས་མཛད་གྲུབ་བསྟུན། སློབ་གྲྭའི་སྒོ་རར་ཤིང་སྣ་འདེབས་འཛུགས་མཛད་ཡོད་པ་བཅས།།