༢༠༡༧ ཟླ་ ༡ ཚེས་ ༡༥ རེས་གཟའ་ཉི་མ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷུ་དཱ་གྷ་ཡར་རྟེན་གཞི་ བྱས་པའི་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྟེན་གཙོར་གནས་གཟིགས་ཆིབས་སྒྱུར་གྱིས་ཐུགས་སྨོན་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་གཟིམ་ཆུང་ནས་བྱང་ཆུབ་མཆོད་རྟེན་དྲུང་དུ་གནས་གཟིགས་ཆེད་ཆིབས་སྒྱུར་སྐྱོང་སྐབས། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། རྣམ་གྲྭ་དགེ་བསྐོས་བཅས་ཀྱིས་སྤོས་སྣེས་སྔུན་བསུས་ཐོག ཕེབས་ལམ་གཡས་གཡོན་དུ་ཆོས་ཞུ་བ་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གསེར་༸ཞལ་མཇལ་ཁ་ཞུས་ཡོད། དེ་ནས་༸གོང་ས་མཆོག་མཆོད་རྟེན་ཆེན་མོར་༸ཞབས་སོར་འཁོད་སྐབས་གནས་མཆོག་རྡོར་གདན་གྱི་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་ཀྱི་གཙོ་འཛིན་ Ven.Bhikkhu Chalinda མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།
དེ་རྗེས་མགོན་པོ་གང་ཉིད་མཆོག་དུས་དབང་གསུང་ཆོས་ར་བའི་དུས་འཁོར་ལྷ་ཁང་དུ་ཆིབས་སྒྱུར་གྱིས་གནས་གཟིགས་མཛད་རྗེས་བཞུགས་གནས་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།