༢༠༡༧ ཟླ་ ༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྔོན་འགྲོའི་བཀའ་ཆོས་སུ་སྒོམ་རིམ་བར་པ་དང་སྤྱོད་འཇུག་གི་བཀའ་ཆོས་དབུ་འཛུགས་མཛད་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་༸གོང་ས་མཆོག་བཞུགས་གནས་ཕོ་བྲང་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་པ་དང་། ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་ལེགས་སྦྱར་དང་པཱ་ལི། བོད་སྐད་བཅས་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་བསྟུན། སྔོན་འགྲོའི་ཆོས་བཤད་སྐབས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ང་ཚོས་ཆོས་ཉན་འཆད་གང་ཞིག་བྱེད་སྐབས་ཁ་སང་ངོས་ཀྱིས་ཞུས་པ་ལྟར་ཆོས་ཆོས་སུ་སོང་བ་བྱེད་རྒྱུ་གལ་ཆེན་པོ་རེད། ད་ལྟ་སྐབས་སུ་བབས་པ་སངས་རྒྱས་པའི་ཆོས་རེད། དེའི་ནང་ཚན་ནས་ཤེར་ཕྱིན་གྱི་དགོངས་པ་བཞིན་ཆོས་འབྲེལ་བྱེད་རྒྱུ་ཡིན་སྟབས། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དེ་རྨང་གཞི་བྱས་ནས། ནམ་མཁའི་མཐར་འདུས་པའི་སེམས་ཅན་ཐམས་ཅད་ལ་ཕན་པའི་བློ་བཟང་པོ་དང་སྙིང་སྟོབས་ཆེན་པོ་ཞིག་སྐྱེས་དགོས། ང་ཚོ་ཚང་མ་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་མི་ཡོང་བའི་ལན་རྩ་དེ་སོ་སོའི་སེམས་རྒྱུད་མ་དུལ་བ་དེ་ཡིན། སེམས་རྒྱུད་དུལ་ན་བདེ་སྐྱིད་མ་འདོད་ཀྱང་ཡོང་གི་རེད། བདེ་སྐྱིད་ཅེས་པ་དེ་ཕྱི་ནས་འཚོལ་རྒྱུ་མིན་པར་ནང་ནས་ཡོང་དགོས་པ་ཞིག་རེད། དེར་བརྟེན་གཞན་ཕན་གྱི་བློ་བཟང་པོ་ཞིག་སོ་སོའི་རྒྱུད་ལ་སྐྱེ་དགོས་པ་དང་། དེ་ཡང་གླན་པའི་ཨུ་ཚུགས་མིན་པར་ཤེས་རབ་ཀྱི་གྲོགས་དང་བཅས་པའི་གཞན་ཕན་གྱི་བློ་ཞིག་བཟུང་དགོས། ཞེས་དང་།
དེ་བཞིན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། གང་ལྟར་ཆོས་འཆད་ཉན་གནད་དུ་སོང་བར་བླ་མའི་ངོས་ནས་སྐྱབས་འགྲོ་སེམས་བསྐྱེད་འཛིན་པར་བྱས། སློབ་མའི་ངོས་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་གསོལ་གཏོད་ནས་སྐྱབས་འགྲོ་སེམས་བསྐྱེད་འཛིན་པར་བྱེད་དགོས། གང་ལྟར་ཆོས་འཆད་ཅིང་ཉན་པར་བྱེད་ན་ཆོས་ཆོས་སུ་སོང་བ་ཞིག་དང་ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་སོང་བ་ཞིག་ཆགས་ཀྱི་ཡོད། ཅེས་བཀའ་སློབ་སྩལ་རྗེས་སངས་རྒྱས་ཆོས་ཚོགས་མ་གསུང་འདོན་མཛད་རྗེས་བཀའ་སློབ་སྩལ་དོན། ནམ་མཁའི་མཐར་འདུས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་མཁན་ཤ་སྟག་རེད། འོན་ཀྱང་སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་ཡོང་བསྡད་པ་དང་། བདེ་བ་འདོད་བཞིན་དུ་བདེ་བས་ཕོངས་བསྡད་པ་དེའི་རྩ་བ་སེམས་རྒྱུད་དུལ་མ་འདུལ་གྱི་ཐོག་ནས་ཡོང་བཞིན་ཡོད། སེམས་མ་དུལ་བར་བྱེད་མཁན་དེ་ཉོན་མོངས་རེད།
ཁ་སང་སློབ་མ་རྗེས་འཛིན་སྐབས་རོབ་ཙམ་ཞིག་ཞུས་ཟིན་པ་ཡིན། རྩ་བའི་དུས་འཁོར་དབང་ཆེན་ཞུས་པ་དང་གནས་མཆོག་འདིར་འབྱོར་བ་ནི་བྱིན་རླབས་ཆེན་པོ་ཡོང་རྒྱུ་ཡིན། འོན་ཀྱང་དོན་དངོས་སུ་སེམས་ལ་འགྱུར་བ་གཏོང་རྒྱུ་དེ་རེད། ངོས་ཀྱིས་ནམ་རྒྱུན་ཁ་གསང་པོའི་ཐོག་བཤད་ཀྱི་ཡོད། བོད་གངས་ཅན་གྱི་ལྗོངས་འདིར་གསང་སྔགས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བ་དེ་ཕྱོགས་གཅིག་ནས་ཧ་ཅང་ཡག་པོ་རེད།
འོན་ཀྱང་གསང་སྔགས་ཆོས་ཡག་པོ་ཞིག་ཡོང་བར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་ཉམས་མྱོང་ཡོད་པ་ཞིག་དང་། སེམས་ལ་ཚོར་བ་ཡོད་པ་ཞིག་གི་ཐོག་ནས་གསང་སྔགས་ཉམས་ལེན་བྱས་ན་བྱང་ཆུབ་ཀྱི་སེམས་བཟུང་བའི་ཐོག་ནས་ལྷ་སྒོམ་སྔགས་བགྲངས་བྱེད་དུས་རྣམ་མཁྱེན་གྱི་རྒྱུར་འགྲོ་གི་ཡོད། ང་ཚོ་བོད་པ་ཚོས་འདོད་ཐག་ཐུང་ཐུང་ཟེར་ན་མི་འདུག གསང་སྔགས་ཀྱི་ལམ་ལ་བསླབ་ན་ལོ་གསུམ་ཆོས་གསུམ་གྱི་ནང་སངས་རྒྱས་ཀྱི་རེད་ཅེས་བརྗོད་ནས་སོ་སོའི་འཇོན་མ་འཇོན་བསམ་བློ་མ་བཏང་བར། དཔེ་ཆའི་ནང་བཤད་པ་དེའི་ཚིག་ཙམ་ལ་ཞེན་ནས་འགྲོ་བསྡད་ཀྱི་ཡོད། གང་ལྟར་བསྟན་པ་སྤྱི་བཙན་གྱི་ཆོས་འཁོར་དེར་ང་ཚོས་ཡིད་གཟབ་བྱེད་དགོས་འདུག
ལྷག་པར་ནམ་རྒྱུན་ངོས་ཀྱིས་འདི་ལྟར་བཤད་ཀྱི་ཡོད། ང་ཚོ་དུས་རབས་༢༡ སངས་རྒྱས་པའི་ཆོས་པ་ཞིག་བྱེད་དགོས་རེད། དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ནི། སྔར་ང་རང་ཚོ་སྐལ་བཟང་ལུགས་བཟང་སྐབས་ལ་མོས་པ་དང་དག་སྣང་ཐོག་ནས་འགྲོ་བསྡད་པ་མ་གཏོག་ཞིབ་ཚགས་པོའི་ཐོག་དཔྱད་པ་དང་ཞིབ་འཇུག་དེ་ཙམ་བྱེད་ཀྱི་མེད། དེང་དུས་རབས་ ༢༡ ནང་སླེབས་ཡོད། སྤྱིར་ཤེས་ཡོན་ཡར་རྒྱས་འགྲོ་བཞིན་ཡོད། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་འགྲོ་རྒྱུའི་དུས་ཚོད་སླེབས་ཡོད་སྟབས། སངས་རྒྱས་པའི་ཆོས་དེར་ཞིབ་འཇུག་བྱེད་དགོས།
བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་ཏེ་ཞིབ་འཇུག་བྱེད་རྒྱུར་ཆོག་མཆན་གནང་ཡོད། སངས་རྒྱས་པའི་ཆོས་ལ་སྒྲ་ཇི་བཞིན་ཁས་བླང་དུ་རུང་མི་རུང་དེ་རིགས་པས་བརྟག་དཔྱད་བྱས་ནས། རིགས་པས་གནོད་པ་མེད་པར་སྒྲ་ཇི་བཞིན་ཁས་བླངས། རིགས་པས་གནོད་པ་ཡོད་པ་དེ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་དགོངས་གཞི་དགོས་པ་དམིགས་བསལ་ཞིག་གི་ཐོག་ནས་གསུངས་པ་ཞིག་རེད་མ་གཏོགས་སྒྲ་ཇི་བཞིན་ཁས་བླང་ན་རུང་གི་མ་རེད། ཅེས་བཅོམ་ལྡན་འདས་རང་ཉིད་ཀྱིས་བཀའ་གནང་ཡོད། འདི་ལྟ་བུ་ནི་འཛམ་གླིང་འདིའི་སྟེང་ཆོས་ལུགས་སུ་ཞིག་ལའང་ཧ་ལམ་མེད། འདི་ནི་སངས་རྒྱས་པའི་ཆོས་ཁོ་ནར་ཡོད་པ་དང་། དེའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་ཧ་ལས་པ་ཞིག་རེད་འདུག
དུས་རབས་ ༢༡ ཆོས་པ་ཟེར་དུས་སངས་རྒྱས་པའི་ཆོས་ལ་ཞིབ་འཇུག་བྱེད་དགོས་པ་དང་། ཞིབ་འཇུག་བྱེད་པར་སློབ་སྦྱོང་བྱེད་དགོས། སྐྱབས་སུ་མཆི་ཞེས་ཟེར་རྒྱུ་དེ་མིན་པར་གཞི་ལམ་འབྲས་གསུམ་དེ་གང་འདྲ་ཡིན་མིན་སློབ་སྦྱོང་དང་། ཞིབ་འཇུག་བྱས་རྗེས་རིགས་པ་དང་ལྡན་པ་ཞིག་ཡིན་པ་ཙམ་མ་ཟད། སེམས་རྒྱུད་ལ་འགྱུར་བ་ཐེབས་རྒྱུ་ཡོད་པ་ཞིག་མཐོང་སྟེ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་དུས་འཁོར་དབང་ཆེན་བྱིན་རླབས་ཆེན་པོ་རེད་དེ་དུས་འཁོར་གྱི་བསྙེན་པ་དུང་ཕྱུར་བཏང་ཡང་ལམ་སང་སེམས་ལ་འགྱུར་བ་ཐེབས་ཟེར་རྒྱུ་ཁག་པོ་རེད། དུས་འཁོར་དབང་ཆེན་ཐོག་མི་མང་པོ་ཞིག་འདུས་ཀྱི་ཡོད་སྟབས་ཁྱེད་རང་ཚོར་ཕན་པ་ཞིག་དགོས། ངོས་ཀྱི་ངོས་ནས་བསམ་བློ་གཏོང་སྟངས་ཐོག་ཕྲན་བུ་བརྗོད་རྒྱུ་བྱུང་ན་ངོས་རང་ཡང་བློ་བདེ་བ་དང་། ཁྱེད་རང་ཚོ་ཡིན་ནའང་ཕན་ཐོགས་ཡོང་ཐུབ་རྒྱུ་ཞིག་རེད། དེར་བརྟེན་སྤྱོད་འཇུག་ཁྲིད་དགོས་པའི་རྒྱུ་མཚན་འདི་རེད། སྤྱོད་འཇུག་གཙོ་བོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བདག་གཞན་མཉམ་བརྗེའི་ཐོག་ནས་བློ་སྦྱང་རྒྱུ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་དག་སྙིང་པོ་ཞིག་གསུང་གི་ཡོད། གང་ལྟར་བྱང་ཆུབ་ཀྱི་སེམས་ནི་ཧ་ཅང་རྒྱས་པོ་རེད། སྟོང་ཉིད་ཀྱི་ལྟ་བ་མདོར་བསྡུས་བྱས་ནས་ཤེས་རབ་ལིའུའི་ནང་གསུངས་ཡོད། སྔོན་ལ་ལམ་གྱི་སྒྲོམ་གཞི་དེ་བློར་འཆར་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་སྒོམ་རིམ་བར་པ་འདི་གཞིའི་གནས་ཚུལ་དང་དེ་ནས་ལམ་གྱི་གནས་ཚུལ། ས་ལམ་བགྲོད་ནས་འབྲས་བུ་སྔོན་དུ་བྱེད་ཚུལ་དེ་གསུང་གི་ཡོད། དེ་བློར་འཆར་བདེ་པོ་དང་བསམ་བློའི་ནང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་བསམ་བློའི་ནང་གུང་སྒྲིག་རྒྱུར་ཕན་ཐོགས་ཡོད། ཐེངས་འདིར་སྒོམ་རིམ་བར་པ་དང་སྤྱོད་འཇུག་སྦྲགས་ནས་བཤད་དགོས་བསམ་དྲན་པ་རེད།
ངོས་རང་ཆོས་འཆད་རྒྱུ་ཡིན་དུས་བཞུགས་ཁྲིའི་སྟེང་བསྡད་ཡོད་པ་རེད་མ་གཏོགས། ང་ཚོ་ཚང་མ་མི་གཅིག་གྱུར་ཆགས་ཡོད། ང་ཚོ་ཙམ་མ་ཟད་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་ཚང་མ་འགྲོ་བ་མི་གཅིག་པ་རེད། སྐྱེས་སྟངས་དང་མཐར་འཆི་སྟངས་ཀྱང་གཅིག་པ་རེད། གསོན་པའི་རིང་ཆགས་སྡང་རྨོངས་གསུམ་གཙོ་བོར་འགྱུར་པའི་ཉོན་མོངས་དེ་དག་རང་ཆས་སུ་ཡོད། དེ་བཞིན་བྱམས་པ་དང་སྙིང་རྗེ་སྒོམ་རྒྱུའི་ནུས་པ་དེ་ཡང་གཅིག་མཚུངས་སུ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་རང་བྱུང་ཁོར་ཡུག་དང་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་མུ་མཐུད་ཐུགས་ཁུར་བཞེས་རྒྱུ་ཡིན་པ་དང་། ནང་པའི་མི་འབོར་ཕོན་ཆེ་ཡོད་པའི་རྒྱ་ནག་གི་ནང་པ་ཚོས་ཀྱང་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་མི་ཉམས་རྒྱན་འཛིན་བྱ་རྒྱུའི་ཐོག་ཁུར་བླངས་དགོས་པའི་བཀའ་སློབ་ཡང་ཕེབས་ཡོད་པ་བཅས།།