༢༠༡༧ ཟླ་ ༡ ཚེས་ ༡༤ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་དང་། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་བཞི་པ་ལེགས་པར་གྲུབ་པའི་བཀའ་དྲིན་གཏང་རག་གི་དགའ་སྟོན་དུ། བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་བོད་རིགས་ཚོང་པའི་ལྷན་ཚོགས། བལ་ཡུལ་ཧི་མཱ་ལཱ་ཡའི་རི་རྒྱུད་ཚོགས་སྐྱིད་བཅས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་རྗེས། སྔ་དྲོ་ཆུ་ཚོད་ ༡༡།༢༠ ཐོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་གྲུབ་ཀྱི་་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བླ་ཆེན་དབུ་ཁྲིད་རྣམ་པ་དང་། མཁན་བླ་སྤྲུལ། བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མཱར་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག ཡོན་བདག་རྣམ་པ། སྐུ་མགྲོན་རྣམ་པ། ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་འབུམ་གཉིས་བརྒལ་བ་ལྷན་འཛོམས་གྱིས་ཐོག་མར། བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲན་རྟེན་གྱི་ཕྱག་རྟགས་ཤིག་འབུལ་ལམ་ཞུས་གྲུབ་མཚམས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དུས་དབང་གི་རྩིས་ཁྲ་སྙན་སྒྲོན་ཞུས། དེ་རྗེས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆ་ཌི་གྷེར་ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།
དེ་ནས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མཱར་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་དུས་དབང་ལེགས་པར་གྲུབ་པའི་ཉིན་མཐའ་མའི་མཛད་སྒོར་བཅར་རྒྱུའི་གོ་སྐབས་བྱུང་བར་ང་རང་ཧ་ཅང་བསྐལ་པ་བཟང་པོ་ཡིན་བསམ་གྱི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་འདུད་ཞུས་པ་དང་ཆབས་ཅིག རྒྱལ་ཁབ་འདྲ་མིན་ནས་ཆོས་ཞུ་བ་མང་པོ་ཞིག་འདིར་ཕེབས་ཡོད། དེ་རིང་གོ་སྐབས་འདི་བརྒྱུད་རྣམ་པ་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། གནས་མཆོག་རྡོ་རྗེ་གདན་ནི་གནས་ཁྱད་པར་ཅན་ཞིག་ཆགས་ཡོད། གང་ལ་ཞེ་ན་གནས་འདིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པ་རེད། གནས་མཆོག་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ནས་ད་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ལྔ་སྩལ་ཡོད།
སྤྱིར་བཏང་༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་ ༣༤ སྩལ་བའི་ཁོངས་ཐེངས་ལྔ་གནས་མཆོག་འདིར་སྩལ་ཡོད། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་གྱི་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་དང་སྙིང་རྗེའི་སྒོ་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པའི་ཐོག་ནས། ལྷག་པར་འཛམ་གླིང་ནང་བྱམས་བརྩེ་སྤེལ་རྒྱུའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་དང་། འབད་བརྩོན་བཀའ་དྲིན་བླ་ན་མེད་པ་ཞིག་མཛད་བཞིན་ཡོད་པར་བརྟེན་དམིགས་བསལ་གྱིས་བཀའ་དྲིན་ཆེ་ཞེས་ཞུ་གི་ཡིན། ཕྱི་ལོ་ ༢༠༡༢ ལོའི་དུས་དབང་ལེགས་གྲུབ་ཀྱི་མཛད་སྒོར་བཅར་རྒྱུའི་གོ་སྐལ་བཟང་པོ་ཐོབ་བྱུང་ཞེས་ཞུ་རྒྱུ་ཡིན། དུས་དབང་ཞུ་མཁན་ཚོས་སོ་སོའི་རིགས་རུས་དང་། ཆོས་ལུགས། ཐོབ་གོ་ས་སོགས་ཀྱི་དབྱེ་བ་ཡོངས་སུ་དོར་ཏེ་འདིར་ཆོས་ཞུར་བཅར་ཡོད། ནང་པའི་ཆོས་ནས་གསུང་པའི་བསླབ་བྱ་དེ་དག་མི་སོ་སོའི་དབུལ་ཕྱུག་དང་། དེ་མིན་སྤྱི་ཚོགས་ཀྱི་ནང་ཡོད་པའི་དབྱེ་བ་དེ་དག་བརྗེད་ནས་ཉམས་ལེན་བྱེད་དགོས་པའི་བསླབ་བྱ་བཟང་པོ་འདི་ནི་ནང་པའི་ཐུན་མིན་གྱི་ཁྱད་ཆོས་ཆགས་ཡོད།
བྷི་ཧཱར་མངའ་སྡེའི་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་དུ་མ་ཞིག་བསྐྱངས་ཡོད། ནཱ་ལེནྡྲ་གཙུག་ལག་སློབ་ཁང་གྲགས་ཅན་འདི་ཡང་བྷི་ཧཱར་མངའ་སྡེའི་ནང་ཡོད། དེར་བརྟེན་བྷི་ཧཱར་མངའ་སྡེའི་ནང་དུ་ནང་པའི་གནས་དུ་མ་ཞིག་ཡོད་པ་དང་། ནང་པའི་བསྟན་པ་དར་འཕེལ་བྱུང་ཡོད་པའི་ཐོག་ང་ཚོ་བྷི་ཧཱར་མངའ་སྡེའི་མི་མང་ཚོར་སེམས་ཚོར་ཆེན་པོ་ཡོད། དེ་དང་མཚུངས་པའི་ཐོག་ནས་མངའ་སྡེ་འདིར་དུས་ནས་དུས་སུ་ལས་རིམ་འགྲོ་བཞིན་ཡོད། དཔེར་ན། མངའ་སྡེ་འདིའི་ནང་ཕྱི་ཟླ་ ༢ འཆར་ཅན་ནང་པའི་དུས་སྟོན་ཞིག་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད། བྷི་ཧཱར་མངའ་སྡེའི་ནང་པའི་གནས་མཆོག་ཁག་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་ཞུས་དང་ཞུ་བཞུན་ཡོད། ༸གོང་ས་མཆོག་གིས་མངའ་སྡེ་འདིའི་ནང་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༥༠ འཁོར་བའི་དུས་ཚིགས་དང་བསྟུན། གྲོང་ཁྱེར་པ་ཊི་ནའི་ནང་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དང་དེའི་ནང་མཆོད་རྟེན་ཞིག་བཞེངས་ཡོད་པ་དེར་དབུ་འབྱེད་རབ་གནས་བཀའ་དྲིན་མཛད་ཡོད། དེར་རྡོ་རྗེ་གདན་ནས་བྱང་ཆུབ་ལྗོན་ཤིང་གི་རྩ་ཕུད་གཅིག་དང་ཤྲི་ལངྐ་ནས་གདན་ཞུས་བྱས་པའི་བྱང་ཆུབ་ལྗོན་ཤིང་གཉིས་འདེབས་འཛུགས་མཛད་ཡོད། དེ་བཞིན་སྟོན་པའི་སྐུ་བརྙན་ཞིག་ཀྱང་ཞལ་ཕྱེ་བཀའ་དྲིན་བསྐྱངས་ཡོད། ད་ཐེངས་སླར་ཡང་སྟོན་པའི་རྗེས་དྲན་གྱི་སྐྱེད་མོས་ཚལ་འདིའི་ནང་མཉན་ཡོད་ནས་གདན་ཞུས་གནང་བའི་ཀུན་དགའ་བྱང་ཆུབ་ལྗོན་ཤིང་ཞིག་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་ནང་འདེབས་འཛུགས་མཛད་རྒྱུར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་མཛད་དེ་ཆིབས་སྒྱུར་བསྐྱངས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཡངས་པ་ཅན་ལ་མཆོད་རྟེན་ཞིག་རོ་ཞིག་གི་ནང་ནས་སྟོན་པའི་རིང་བསྲེལ་ངོ་མ་རྙེད་སོན་བྱུང་ཡོད་པ་དེ་ད་ཆ་པ་ཊི་ནར་ཡོད་ཀྱང་། རིང་མིན་ཡངས་པ་ཅན་དུ་བཞུགས་སུ་གསོལ་ཆེད་མཆོད་རྟེན་གསར་བཞེངས་གྱི་ས་ཆ་སོགས་བཀོད་ཁྱབ་དང་འཆར་འགོད་བྱས་ཟིན་པ་ཡིན། ཅེས་དང་།
དེ་བཞིན་ཁོང་གིས་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུས་དང་སྦྲགས་གསུང་དོན། ཐེངས་འདིའི་དུས་འཁོར་དབང་ཆེན་འདི་ཉིད་ཧ་ཅང་ཚགས་ཚུད་ངང་ལེགས་པར་གྲུབ་ཡོད། གནས་འདིར་དུས་དབང་གོ་སྒྲིག་གནང་བར་བརྟེན་བྷི་ཧཱར་གཞུང་མང་གཉིས་ལ་དུས་དབང་དང་འབྲེལ་བའི་ཐོག་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་མཚུངས་ཆོས་ཞུ་བ་རྣམ་པར་ཆེ་བསྟོད་ཞུ་རྒྱུ་དང་། དེ་བཞིན་བྷ་ཧཱར་མངའ་སྡེའི་གཞུང་། ས་གནས་གྱི་མཛད་གཙོ་རྣམ་པ། ཉེན་རྟོག་རུ་ཁག་སོགས་ནས་དུས་དབང་གི་བཀའ་ཆོས་ལེགས་གྲུབ་ཡོང་རྒྱུར་འབད་བརྩོན་གནང་བར་ཐགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
མཐར་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་ཙམ་མ་ཟད། བརྒྱ་དང་བཅུ་གསུམ་བཞུགས་རྒྱུར་གསོལ་འདེབས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ། དེ་རྗེས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དུས་དབང་ལེགས་གྲུབ་ཀྱི་མཛད་སྒོ་རེ་ཞིག་ལེགས་པར་གྲུབ་ཡོད་པ་བཅས།།