༢༠༡༧ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༥ ཉིན་སྦར་སེལ་དུ་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann ལགས་ཀྱིས་གཙོ་སྐྱོང་འོག་ཕྱི་ལོ་ ༢༠༡༧ ལོའི་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད། སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ས་བྷ་སོ་གོར་ Csaba Sógor ལགས་དང་། ལ་ཛུ་ལུ་ཏོ་ཀེ་སི་ László Tőkés ལགས། ན་ཏཱ་ལི་ཡ་ Nathalie Griesbeck ལགས། ཏུན་ནེ་ཀེ་ལམ་ Tunne Kelam ལགས་ཀྱིས་གཙོས་གྲོས་ཚོགས་འཐུས་མི་བཅུ་དྲུག་ལྷག་ཙམ་ལྷན་འཛོམས་གནང་འདུག
ཐེངས་འདིར་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི་ཡུ་རོབ་གྲོས་ཚོགས་ནས་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡༢ ནང་གསེར་རྟ་བླ་རུང་སྒར་ཐོག་གྲོས་ཆོད་བཞག་པ་དེ་མཇུག་སྐྱོང་ཡོང་ཐབས་སླད་གོ་བསྡུར་གནང་རྒྱུ་དེ་ཡིན་འདུག དེ་ཡང་ཚོགས་གཙོ་སྐུ་ཞབས་ཐོ་མས་མན་ལགས་ཀྱིས་སྐབས་དེར་འདི་ལོའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་ལམ་ལྷོངས་ལྡན་པའི་ཐོག་ནས་ཚོགས་ཐུབ་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམ་པས་མང་མོས་ཐོག་ནས་གྲོས་ཆོད་དེར་རྒྱབ་སྐྱོར་གནང་བར་བརྟེན་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་ཡོད། ཅེས་གསུངས།
དེ་བཞིན་གྲོས་ཆོད་འདོན་མཁན་གྲས་ཡིན་པ་སྐུ་ཞབས་ལ་ཛུ་ལུ་ཏོ་ཀེ་སི་ལགས་ཀྱིས། དེ་རིང་གི་གྲོས་ཆོད་འདི་ནི་ངའི་བསམ་བློའི་ནང་རྒྱུན་དུ་འཁོར་བཞིན་འདུག ང་ཚོ་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གི་གཅིག་སྡུད་དབང་འཛིན་གྱི་ལམ་ལུགས་ལ་གདོང་ལེན་བྱེད་དགོས། ཞེས་གསུངས།
ཕྱོགས་མཚུངས་སྐུ་ཞབས་ཀེ་ལམ་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ནས། བོད་དོན་དང་འབྲེལ་བའི་ལས་དོན་ཇི་སྤེལ་སྐོར་ཞིབ་ཕྲ་ངོ་སྤྲོད་དང་། ལྷག་པར་རྒྱ་ནག་གཞུང་ནས་བོད་མིའི་ངོ་བོ་མ་བརླག་པའི་ཐོག་ནས་བོད་ནང་དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་པ་ཞིག་བྱེད་དགོས་པ་ནི་ཡུ་རོབ་གྲོས་ཚོགས་ཀྱི་དགོས་འདུན་གཙོ་བོ་ཞིག་ཡིན་སྐོར་གསུངས།
གཞན་ཡང་སྦར་སེལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ནས་ཉེ་ལམ་བོད་དོན་དང་འབྲེལ་བའི་སྐོར་གྲོས་ཆོད་བཞག་པ་དང་དེ་བཞིན་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕ་རན་སིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་ཀྱིས་ཉེ་ལམ་ཡུ་རོབ་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་སྐོར་གྲོས་ཆོད་བཞག་པ་ལྟར། ཕ་རན་སིའི་གྲོས་ཚོགས་ནང་དུའང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཞག་ཐུབ་པའི་རེ་འདུན་སྟོན་ཡོད་སྐོར་གྱི་འགྲེལ་བརྗོད་ཞུས། །