༢༠༡༧ ཟླ་ ༡ ཚེས་ ༡༥ རེས་གཟའ་ཉི་མ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༣ ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བདེ་ལེགས་ངང་གྲུབ་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་ཞུས་ནས་སོ་སོའི་མི་ཚེར་འཁྱེར་རྒྱུ་ཡོད་པ་ཞིག་དགོས་པ་དང་། འདི་ནི་ཆོ་ག་འདོན་རྒྱུ་ཙམ་མིན་པར་བསམ་བློ་བཏང་དགོས། གསོན་པའི་རིང་བདེ་པོ་བྱས་ཏེ་སྡོད་རྒྱུ་ཞིག་དང་། འཆི་བའི་སྐབས་བློ་བདེ་པོ་བྱས་ནས་འགྲོ་རྒྱུ་ཞིག་ཡོང་གི་རེད། སྐྱེ་བ་ནས་སྐྱེ་བ་རེ་བ་རྒྱག་ས་ཡོད་པ་ཞིག་དགོས། ཞེས་ལམ་སྟོན་བཀའ་སློབ་ཕེབས་ཡོད།
དེ་ཡང་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་གནང་བའི་དུས་དབང་ཐོག་བཙན་བྱོལ་བོད་མིའི་གཞིས་ཆགས་ནང་ཡོད་པའི་ཉམ་ཐག་རྒས་གཅོང་ཁག་གཅིག་ལ་དུས་དབང་ཞུ་རྒྱུའི་མཐུན་འགྱུར་རོགས་རམ་གནང་ཡོད་པའི་ཁྲོད། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་ནས་ཡིན་པའི་དགུང་ལོ་ ༨༧ ལ་ཕེབས་པའི་གྲགས་པ་སངས་རྒྱས་ལགས་ཀྱིས་ཐེངས་འདིའི་དུས་འཁོར་དབང་ཆེན་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བཟང་གི་གོ་སྐབས་ཤིག་ཡིན་པ་དང་།
ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་མགྱོགས་མྱུར་ཆིབས་སྒྱུར་བསྐྱངས་ཏེ་རང་ཡུལ་དུ་དུས་འཁོར་དབང་ཆེན་ཞུ་རྒྱུའི་རེ་བ་ཤུགས་ཆེ་གནང་བཞིན་ཡོད་སྐོར་གསུངས།
ཆོས་སྒྲོན་ལགས་ཀྱིས་དེ་སྔ་བོད་ནང་དུས་དབང་ཐེངས་དང་པོ་ཞུ་སྐབས་ཀྱི་མྱོང་ཚོར་སྐོར་གསུང་དོན། ང་དེ་དུས་ལོ་ ༡༥ ཡིན། ཞོགས་པ་སྔ་པོ་ལངས་ནས་དུས་དབང་ཞུ་བར་འགྲོ་བ་དྲན་གྱི་འདུག ཅེས་གསུངས། ཁོང་མོ་ཡང་དེ་སྔ་བོད་ནས་དུས་དབང་ཞུས་མྱོང་ཡོད།
དེ་བཞིན་མན་པར་ཕན་བདེ་གླིང་རྒས་གསོ་ཁང་ནས་ཡིན་པའི་དགུང་ལོ་ ༩༠ ལ་སོན་པའི་བློ་བཟང་ཆོས་གྲགས་ལགས་ཀྱིས། ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་དུས་འཁོར་དབང་ཆེན་ཐེངས་ ༡༡ ཞུས་མྱོང་ཡོད། ལྷག་པར་ཕྱི་ལོ་ ༡༩༥༤ དང་། ༡༩༥༦ ལོར་བོད་ས་མ་ཤོར་གོང་རྒྱལ་ས་ལྷ་སའི་ནོར་བུ་གླིང་ཁར་སྩལ་བའི་དུས་འཁོར་དབང་ཆེན་དེ་ཡང་ཞུས་མྱོང་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༧༠ ལོར་རྒྱ་གར་རྡ་རམ་ས་ལར་བཙན་བྱོལ་ནང་དུས་དབང་ཐེངས་དང་པོ་སྩོལ་སྐབས་ཀྱང་ཞུས་མྱོང་ཡོད་སྐོར་གསུངས་སོང་།།