༢༠༡༧ ཟླ་ ༡ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༧ ཉིན་རྒྱ་གར་གྱི་གསར་ཤོག་ཧིན་དུ་ The Hindu ཞེས་པའི་རྩོམ་སྒྲིག་ལས་རོགས་ཨ་ཏུལ་ཨ་ནེ་ཇ་ Atul Aneja ཟེར་བས། བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དེར་ཊམ་གྱིས་འགྱུར་བ་གཏོང་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད་དམ། ‘Is Trump preparing to change the script on Tibet?’ ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་གཅིག་སྤེལ་བ་དེར་སྐུ་ཞབས་མེ་ཁལ་པིལ་སི་བྷུ་རི་མཆོག་ Michael Pillsbury གིས་ཁོང་རང་ཉིད་ཀྱི་ངོ་དེབ་ཐོག་གསལ་བཤད་གནང་དོན།
གནས་ཚུལ་དེ་བདེན་པ་མ་རེད། སྐུ་ཞབས་ཊམ་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མིན་སྐོར་ངས་མི་ཤེས། ང་རང་ཡང་ཊམ་གྱི་སློབ་སྟོན་པ་ཡིན། ཞེས་ནམ་ཡང་བརྗོད་མེད། དེར་བརྟེན་སྐུ་ཞབས་ཊམ་མཆོག་གིས་འདི་བྱས་འདི་མིན་གྱི་ཐག་གཅོད་སྐོར་ལ་ངས་གང་ཡང་ཞུ་ཤེས་ཀྱི་མ་རེད།
འོན་ཀྱང་ངས་རྩོམ་ཞིག་ནང་། སྐུ་ཞབས་ཊམ་མཆོག་ལ་རྒྱ་གར་དང་བོད་ཐོག་སྲིད་བྱུས་ལངས་ཕྱོགས་ཇི་འདྲ་ཞིག་འཛིན་མིན་ཐད་འདམ་ག་འགའ་ཤས་ཡོད། ཅེས་བྲིས་པ་དེ་བདེན་པ་རེད། འོན་ཀྱང་ཁོ་པ་ཚོས་གནས་ཚུལ་དེ་རྩ་བ་ནས་མ་བཏོན་པར་རྒྱ་ཡིག་དྲ་རྒྱ་ཞིག་ལུང་འདྲེན་བྱས་པ་དང་། ལུང་འདྲེན་དེའི་ཁུངས་དེའང་རྒྱ་སྐད་གསར་འགྱུར་བརྙན་འཕྲིན་ཚན་པ་ཞིག་ལ་གཞི་བཅོལ་ཡོད་ཚུལ་བྲིས་འདུག དེར་བརྟེན་ངས་གང་བཤད་པའི་སྐད་ཆ་དེ་ཚོར་བདག་སྤྲོད་བྱས་མེད། ང་རང་སྒེར་ལ་མཚོན་ན་ཕྱོགས་བསྡོམས་བྱས་ནས་ལྟ་སྐབས་སྐུ་ཞབས་ཊམ་མཆོག་གིས་༸གོང་ས་མཆོག་མཇལ་འཕྲད་ཞུ་ན་བསམ་པ་འདུག འོན་ཀྱང་སྲིད་འཛིན་ཕོ་བྲང་གི་ནང་གནས་ཞུ་ཚོད་ཐིག་མ་སོང་། ཞེས་བཀོད།
ཕྱོགས་མཚུངས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གནས་ཚུལ་རྫུན་བཟོ་བྱས་པ་དེར་གསུང་དོན། སྐུ་ཞབས་མེ་ཁལ་པིལ་སི་བྷུ་རི་མཆོག་གིས་མདང་དགོང་མོར་ངའི་དྲ་རྒྱའི་ཁ་བྱང་ཐོག་ནས་ང་ལ་ཕྱག་བྲིས་ཤིག་བཏང་གནང་འདུག་པ་དེའི་ནང་སྐུ་ཞབས་ཊམ་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་ཚུལ་བཀོད་པའི་གནས་ཚུལ་དེ་དག་ཚང་མ་བདེན་པ་རྩ་བ་ནས་མིན་པ་དང་། ཁོང་སྐུ་སྒེར་ཐོག་ནས་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་མཛད་རྒྱུར་རྒྱབ་སྐྱོར་ཡོད་ཚུལ་བྲིས་གནང་འདུག ཅེས་གསུངས།
དེ་ཡང་སྤྱིར་སྐུ་ཞབས་མེ་ཁལ་པིལ་སི་བྷུ་རི་མཆོག་ནི་ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྲིད་སྐྱོང་གི་ལས་ཡུན་དང་པོའི་ལས་ཁུར་དམ་འབུལ་གྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཆེད་རྡ་སར་ཕེབས་ཡོད།
གཞན་ཡང་ཝ་ཤིང་ཊོན་ཌི་སི་རུ་དྲ་རྒྱ་ཉེན་སྲུང་གི་ཁྲིམས་རྩོད་པ་ཉི་མ་བྷི་ན་ར་ Nima Binara ལགས་ཀྱིས་གསུང་དོན། རྩོམ་ཡིག་དེ་ཧིན་དུའི་གསར་ཤོག་ The Hindu ནང་ཐོན་པ་དེ་མིངྒ་པའོ་ཟེར་བའི་གསར་ཤོག་ལུང་འདྲེན་བྱས་ཤིང་། མིངྒ་པོའི་གསར་ཤོག་ནང་ཐོན་པ་དེ་ཡང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྙན་འཕྲིན་ཚན་པ་སི་སི་ཊི་ཝི་ CCTV ཟེར་བར་ལུང་འདྲེན་བྱས། སི་སི་ཊི་ཝིས་མེ་ཁལ་པིལ་སི་བྷུ་རི་ཁོང་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སྐབས་སུ་དེ་འདྲ་བརྗོད་ཡོད་ཚུལ་བཀོད་པ་ཞིག་རེད། སྤྱིར་དི་ཧིན་དུ་ The Hindu ཟེར་བའི་གསར་ཤོག་དེ་ཨེན་རཱམ་ N. Ram ཟེར་བ་ཁོ་པས་རྩོམ་སྒྲིག་བྱེད་ཅིང་། ཁོ་པ་ནི་རྒྱ་ནག་གིས་བོད་ནང་དབང་སྒྱུར་བྱེད་བཞིན་པ་དེར་ལྷག་བསམ་རྣམ་དག་ཐོག་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། སྤྱིར་རྒྱ་ནག་གི་གསར་འགོད་པ་ཚོས་ཕྱི་རྒྱལ་གཞུང་འབྲེལ་མི་སྣ་རྒྱལ་ནང་དུ་འཚམས་གཟིགས་སུ་ཕེབས་སྐབས་རང་སྣང་གང་དྲན་གྱི་གཏམ་འཆལ་སྣ་ཚོགས་བཟོས་ནས་གནས་ཚུལ་སྤེལ་སྲོལ་ཡོད་པ་ནི་ཡོངས་སུ་གྲགས་ཡོད། ཅེས་གསུངས། ད་དུང་ཁོང་གིས་མུ་མཐུད་ནས་གསུང་དོན། བརྡ་འཕྲིན་གྱི་དུས་སྐབས་འདིར་དགྲ་བོའི་ཕྱོགས་ནས་རྫུན་གཏམ་གྱི་མཚོན་ཆ་འཕེན་བཞིན་ཡོད་སྟབས་ང་ཚོས་དུས་རྟག་ཏུ་ཡིད་གཟབ་དང་སྤྱང་གྲུང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གནས་ཚུལ་རྫུན་བཟོ་བྱས་པ་དེ་དག་ལ་ང་ཚོས་ངེས་པར་ལྟ་དགོས་རྒྱུ་གལ་ཆེན་པོ་རེད། དེས་གང་མཚོན་བཞིན་ཡོད་ཅེ་ན། རྒྱ་ནག་དང་རྒྱ་ནག་གི་རྒྱབ་སྐྱོར་བ་ཁོ་པ་ཚོའི་བསམ་བློའི་ནང་བོད་ཀྱི་གནས་སྟངས་དེར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་ཐེབས་མི་ཡོང་ངམ་བསམས་པའི་རྣམ་རྟོག་ཞིག་བསམ་བློའི་ནང་འཁོར་བཞིན་ཡོད་པ་གསལ་པོར་མཚོན་བཞིན་ཡོད། ཅེས་གསུངས། །