ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དུས་འཁོར་དབང་ཆེན་དུ་བཅར་བའི་ཆོས་ཞུ་བ་རྣམས་ཀྱི་སྡོད་གནས་མ་གྷ་ད་གཙུག་ལག་སློབ་ཁང་གི་ར་བའི་ནང་ཡོད་པའི་སྡོད་གུར་ཁག་ཏུ་གཟིགས་སྐོར་ཕེབས་ཏེ་མི་མང་ཁག་གཅིག་ལ་སྡོད་གུར་དང་། ཆུ་གློག གཙང་འཕྲོད་སོགས་གོ་སྒྲིག་གང་འདྲ་ཡོད་མེད་འདྲི་རྩད་གནང་སྐབས་མི་མང་རྣམས་ཞལ་གཅིག་གྲགས་ཐོག་གོ་སྒྲིག་ཧ་ཅང་ལེགས་པོ་ཡོད་སྐོར་ཞུས་སོང་།
ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གོ་སྒྲིག་ཞུས་པ་ལྟར། གོ་སྒྲིག་ལས་དོན་ཆེད་ཚོགས་ཆུང་ཁག་གཅིག་ཆེད་འཛུགས་ཀྱིས་ལས་དོན་མུ་མཐུད་འགྲོ་བཞིན་ཡོད།
༡༽དེ་ཡང་མི་མང་དབུ་གུར་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཤེས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཀརྨ་སེངྒེ་ལགས་ཀྱི་སྣེ་ཁྲིད་འོག་སྲི་ཞུ་བ་བཞི་འདུག བོད་མིའི་སྒྲིག་འཛུགས་ཀྱིས་མི་མང་རྣམས་ལ་དཀའ་ངལ་མི་འཕྲད་ཆེད་གང་ཡོང་ཅི་ཡོང་གོ་སྒྲིག་ཞུས་ཡོད་ཅིང་། མི་མང་སྡོད་གུར་ལ་རྣམ་གྲངས་བཞི་ཡོད་པའི་ཁོངས་ E.P. Tent ཞེས་པའི་སྡོད་གུར་ཁྱོན་གྲངས་ ༨༥༥ དང་། སྡོད་གུར་གཅིག་ནང་ཤོང་ཚད་མི་གྲངས་ ༨ དང་། Dormitory Tent ༤༠། ཤོང་ཚད་མི་གྲངས་ ༣༠ ཡིན་འདུག Swiss Cottage Tent ༡༧༠། ཤོང་ཚད་མི་གྲངས་ ༤ ཡིན། ཤིང་ཁང་ PLY-WOOD ROOM ༢༨༥ ཡོད་པ་དང་། ཤོང་ཚད་མི་གྲངས་ ༦ ཡིན།
མི་མང་སྡོད་གུར་ཡོད་སར་དང་བླངས་ཞབས་ཞུ་གནང་མཁན་ཁོངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཉིན་མཚན་མེད་པར་སྡོད་གུར་སྲུང་སྐྱོབ་གནང་བཞིན་པ་དང་།
དེ་བཞིན་ཝཱ་རཱ་ཎ་སིར་རྟེན་གཞི་བྱས་པའི་ཝཱར་ན་ཧིན་དུའི་གཙུག་ལག་སློབ་ཁང་ BHU གི་སློབ་ཕྲུག་ལྔ་བཅུ་ཙམ་ཡོད་པ་རྣམས་ཀྱིས་ཁོར་ཡུག་གཙང་བཟོ་དང་འཕྲོད་བསྟེན་དང་འབྲེལ་བའི་ཞབས་ཞུ་གནང་བཞིན་ཡོད། དེ་བཞིན་མངའ་སྡེའི་གཞུང་གི་ངོས་ནས་བདེ་འཇགས་ཀྱི་ལས་དོན་ཆེད་སྐོར་སྲུང་བ་བཞི་བཅུ་བརྒལ་བ་འགྲེམས་འཇོག་དང་། གློག་སོགས་ལ་བརྟེན་ནས་མེ་སྐྱོན་རིགས་བྱུང་ཚེ་ཆེད་མངགས་མེ་གསོད་རུ་ཁག་གི་རླངས་འཁོར་དང་ལས་མི་ལྔ་བཅུ་མ་ཟིན་ཙམ་གྲ་སྒྲིག་ཡོད་པ་མ་ཟད། ཆོས་ཞུ་བ་ཚོར་སྡོད་གུར་ནས་གསུང་ཆོས་ར་བའི་བར་རླངས་འཁོར་གྱི་མཐུན་རྐྱེན་ཡང་སྦྱར་ཡོད། དེ་བཞིན་དགའ་ལྡན་ཕོ་བྲང་ནས་བཀའ་མངགས་ཕེབས་པ་ལྟར་ཆོས་ཞུ་བ་རྣམས་ལ་གསུང་ཆོས་ཞུ་བར་མ་ཐོན་གོང་སྡོད་གུར་ཡོད་སར་སྔ་དྲོ་གསོལ་ཇ་ཡང་གོ་སྒྲིག་ཞུ་བཞིན་འདུག
༢༽ ཆུ་དང་གཙང་འཕྲོད་ལས་དོན་ཚོགས་ཆུང་གི་འགན་འཛིན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་ཀྱི་སྣེ་ཁྲིད་འོག་སྲི་ཞུ་བ་བརྒྱད་ཡོད། ཚོགས་ཆུང་འདིས་མི་མང་བཞུགས་གནས་མ་གྷ་ད་གཙུག་ལག་སློབ་ཁང་གི་ར་བའི་ནང་ཡོད་པའི་སྡོད་གུར་དུ་གསང་སྤྱོད་ ༣༠༠ དང་གཅིན་གཏོང་གསང་སྤྱོད་ ༡༦༠། ཁྲུས་ཁང་ ༢༦༠། འཐུང་ཆུའི་ཆུ་ཁ་ལ་ water tape ༡༠༠ ཐམ་པ་བཙུགས་ཡོད། བྷི་ཧཱར་གཞུང་གི་མང་ཚོགས་འཕྲོད་བསྟེན་གོ་རྟོགས་ཚན་པའི་ Public Health & Education Department ལས་ཁུངས་ནས་ཆུ་དང་གཙང་འཕྲོད་ཐོག་ལྟ་རྟོག་བྱེད་མཁན་སྡེ་ཚན་ཞིག་ཡོད་པ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་འབོད་སྐུལ་ཞུས་པ་ལྟར། མ་གྷ་ད་མི་མང་སྡོད་གུར་དུ་ས་འོག་ཆུ་འདྲེན་ Borewell ལྔ་ཙམ་བཙུགས་ཡོད་པ་མ་ཟད། ཆུ་མཛོད་ཤོང་ཚད་ལི་ཊར་ ༥༠༠༠ ཅན་བཞི་དང་། དེ་བཞིན་ས་གནས་ཀྱི་ཆུ་ལམ་ཨ་མ་ནས་ཐད་ཀར་ཆུ་གཏོང་རྒྱུའི་མཐུན་འགྱུར་ཡང་གནང་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་ཆུ་མཛོད་ཤོང་ཚད་ལི་ཊར་ ༥༠༠༠ ཅན་བཞི་ཆེད་འཛུགས་བྱས་ཡོད། ད་ལྟའི་ཆར་ཆུའི་དཀའ་ངལ་མེད་པ་མ་ཟད། ཆུ་དང་ཁྲུས་ཁང་། གསང་སྤྱོད་སོགས་ཀྱི་གཙང་སྦྲ་ཧ་ཅང་ཡག་པོ་ཡོད་སྐོར་ཚོགས་ཆུང་གི་འགན་འཛིན་ནས་འགྲེལ་བརྗོད་གནང་ཡོད།
ཕྱོགས་མཚུངས་དུས་དབང་གི་གསུང་རར་ཆོས་ཞུ་བ་ཚོའི་ཆེད་གསང་སྤྱོད་ ༨༠ དང་གཅིན་གཏོང་གསང་སྤྱོད་ ༦༠ ཡོད། དེ་བཞིན་གནད་ཡོད་མི་སྣ་རྣམས་ཀྱི་ཆེད་གསང་སྤྱོད་ ༡༠ དང་གཅིན་གཏོང་གསང་སྤྱོད་ ༡༠ ཡོད་པ་དང་། སྤྱིར་བཏང་གསང་སྤྱོད་གསར་འཛུགས་དང་གཙང་བཟོ་སོགས་ཀྱི་ལས་འགན་དེ་སུ་ལབ་ Sulabh International ལ་སྤྲད་ཡོད་ཀྱང་། རྒྱུན་དུ་ལྟ་རྟོག་བྱེད་རྒྱུ་དེ་ཚོགས་ཆུང་ནས་གནང་བཞིན་ཡོད། ཁོང་ཚོར་ལྟ་རྟོག་བྱེད་མཁན་ཚོགས་ཆུང་འདིའི་ལས་བྱེད་གཉིས་ཆེད་མངགས་བཞག་ཡོད། གཞན་ལས་བྱེད་ ༦ མ་གྷ་ད་གཙུག་ལག་སློབ་ཁང་གི་ར་བར་ཡོད་པའི་མི་མང་སྡོད་གུར་སར་ཉིན་མཚན་མེད་པར་ལྟ་རྟོག་བྱེད་བཞིན་འདུག
༣༽ གློག་ཁྲིད་འཛུགས་ཚོགས་ཆུང་གི་འགན་འཛིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་བསོད་ནམས་བསྟན་འཛིན་ལགས་ཀྱི་སྣེ་ཁྲིད་འོག སྲི་ཞུའི་ལས་བྱེད་བཞི་ཡོད། གློག་ཁྲིད་འཛུགས་ཀྱི་ལས་དོན་དེ་དག་བྷི་ཧཱར་མངའ་སྡེའི་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྒེར་བདག་ཅན་དུ་འགྱུར་ཟིན་པའི་གློག་གི་ལས་ཁུངས་ India Power House ལ་བོགས་གཏོང་བྱས་ཡོད། མ་གྷ་ད་གཙུག་ལག་སློབ་ཁང་ནང་ཡོད་པའི་མི་མང་སྡོད་གུར་རྣམ་གྲངས་འདྲ་མིན་ཡོད་པ་ཆ་ཚང་གི་ནང་གློག་གི་ཤེལ་ཏོག་དང་། དེ་བཞིན་གུར་ལམ་ཡོད་དོ་ཅོག་ལ་གློག་བཙུགས་ཡོད་པ་མ་ཟད། ཟ་ཁང་ཡོད་ས། རྒྱ་ལམ་ཨ་མའི་སར་ཡང་གློག་བཙུགས་ཡོད། མ་གྷ་ད་གཙུག་ལག་སློབ་ཁང་གི་ར་བར་ཡོད་པའི་མི་མང་སྡོད་གུར་ནང་ཤེལ་ཏོག་ཁྱོན་བསྡོམས་ ༢༧༣༥ དང་། ཁ་པར་མེ་གསོག་སའི་ཡོ་བྱེད་ཁྱོན་ ༣༦༤༥ བཙུགས་ཡོད། མ་གྷ་ད་མི་མང་སྡོད་གུར་ཡོད་སར་སྐམ་གློག་ ༧ གྲ་སྒྲིག་ཡོད་པས་གློག་མེད་པ་ཆགས་སྐབས་ལམ་སང་སྐམ་གློག་གཏོང་རྒྱུའི་གྲ་སྒྲིག་ཡོད། མ་གྷ་དར་གློག་རྒྱུན་སྒྱུར་ཆས་ Transformer བཞི་དང་དུས་དབང་གསུང་རར་གཅིག་ཡོད། བོད་ནས་དད་ལྡན་ཆོས་ཞུ་བའི་བཞུགས་གནས་དང་ཆུ་མོ་ནི་རན་ཛ་ནའི་ཟུར་སོ་སོར་གློག་རྒྱུན་སྒྱུར་ཆས་རེ་རེ་བཅས་ཁྱོན་གློག་རྒྱུན་སྒྱུར་ཆས་བདུན་བཙུགས་ཡོད།
༤༽ གསུང་པར་དང་བརྙན་འཕྲིན་ཚོགས་ཆུང་གི་འགན་འཛིན་ལས་བྱེད་འདེམས་ལྷན་གྱི་དྲུང་ཚབ་འཇིགས་མེད་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག་སྲི་ཞུ་བ་གཅིག་ཡོད། གསུང་ར་ཆེ་བའི་ནང་བརྙན་འཕྲིན་ཆེ་བ་ ༦ དང་། ཆུང་བ་ ༩ བཙུགས་ཡོད། གསུང་ར་ཆུང་བ་གཉིས་ཀྱི་ནང་བརྙན་འཕྲིན་ཆེ་བ་བཞི་བཅས་བརྙན་འཕྲིན་ཆེ་བ་ ༡༠ དང་ཆུང་བ་ ༩ བཙུགས་ཡོད། དེ་བཞིན་ཐད་ཀར་རྒྱང་སྲིང་ཆེད་དྲ་རྒྱའི་མཐུན་འགྱུར་སྦྱར་རྒྱུ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགྱུར་ལས་ཁང་གི་ཆེད་མཐུན་འགྱུར་སྦྱར་རྒྱུ་སོགས་བྱེད་བཞིན་ཡོད། གཞན་ཡང་གསུང་ཆོས་སྐབས་སྐམ་གློག་དྲུག་གྲ་སྒྲིག་བྱས་འདུག
དེ་བཞིན་སྣེ་ལེན་ཚོགས་ཆུང་གི་འགན་འཛིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཚབ་དྲུང་འཕར་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱི་སྣེ་ཁྲིད་འོག་སྲི་ཞུ་ལས་བྱེད་བཞི་ཡོད་པ་དང་། ཁོང་ཚོས་ལས་དོན་ནི་དུས་དབང་གོ་སྒྲིག་ཚོགས་ཆུང་ཁག་གི་ཚོགས་མི་སྲི་ཞུ་ལས་བྱེད་རྣམ་པའི་བཞུགས་གནས་གོ་སྒྲིག་དང་སྣེ་ལེན། དེ་བཞིན་དུས་དབང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྐུ་མགྲོན་རྣམ་པ་བསུ་ལེན་དང་ཕེབས་སྐྱེལ། བླ་ཆེན་རྣམ་པ་ཆོས་རར་གདན་ཞུ་དང་བསུ་ལེན། ཚོགས་ཆུང་ཁག་དང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཡོད་པའི་སྲི་ཞུ་བ་རྣམས་ལ་དགོས་གལ་ནམ་བྱུང་སྣུམ་འཁོར་གོ་སྒྲིག་ཞུ་བཞིན་ཡོད། དུས་དབང་དང་འབྲེལ་བའི་ལས་དོན་ཆེད་སྣུམ་འཁོར་ ༡༡ གྲ་སྒྲིག་ཞུས་འདུག ས་ཚིགས་ཁག་ཁ་ཤས་ལ་༸གོང་ས་མཆོག་གི་སྐུ་པར་ཡོད་པའི་འཕྲད་དར་དང་དུས་དབང་གི་ས་ཁྲའི་འཕྲད་དར་སྦྱར་རྒྱུ་ལས་དོན་བྱས་འདུག
ཡང་དུས་དབང་སུམ་ཅུ་སོ་བཞི་པའི་དངུལ་རྩིས་ཚོགས་ཆུང་གི་འགན་འཛིན་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱི་སྣེ་ཁྲིད་འོག རྩིས་པ་བཞི་དང་། བར་རྩིས་ཆེད་སྲི་ཞུ་བ་བཅུ་བཞི། གདན་ས་གསུམ་ནས་ཞལ་འདེབས་བསྡུ་རུབ་ཆེད་དགེ་འདུན་པ་ཞལ་གྲངས་ ༤༨ ཡོད། ཞལ་འདེབསའབུལ་མཁན་ཚོར་དངུལ་རྐྱང་གི་དཀའ་ངལ་སེལ་ཐབས་སུ་དངུལ་ལོར་ལག་སྤྲོད་མ་དགོས་པར་འཁྲུལ་ཆས་ Swap ཟེར་བ་དགུ་ཙམ་རགས་པ་དེར་སྟངས་འཛིན་བྱེད་མཁན་སྲི་ཞུའི་ལས་བྱེད་དྲུག་འདུག མི་མང་རྣམས་ལ་དངུལ་རྐྱང་གི་དཀའ་ངལ་སེལ་ཆེད་དངུལ་འདོན་ཕྲུལ་ཆས་ཁག་གཅིག་ཀྱང་བཙུགས་ཡོད།
ཐེངས་འདིའི་དུས་དབང་སྐབས་མང་ཇ་དང་བཞེས་བག ཚོགས། ཚེ་རིལ་བཟོ་རྒྱུ། ཞལ་འདེབས་བསྡུ་རྒྱུ། དུས་དབང་གོ་སྒྲིག་དང་འབྲེལ་བའི་ལས་བྱེད་ཡོངས་ཀྱི་ཆེད་གསོལ་ཐབ་སོགས་ལྷ་ལྡན་སྨོན་ལམ་ཆེན་མོའི་གོ་སྒྲིག་གནང་མཁན་ལ་བོད་མིའི་སྒྲིག་འཛུགས་ནས་འབོད་སྐུལ་ཞུས་པ་ལྟར་འགན་འཁུར་བཞེས་བཞིན་འདུག
བཞེས་བག་དང་གསོལ་ཇ་བཟོ་སའི་གསོལ་ཐབ་ཏུ་གདན་ས་གསུམ་གྱི་གྲྭ་ཚང་དྲུག་ནས་དགེ་བསྐོས་རྣམ་པ་དང་ཆབ་རིལ་བ་གཉིས་རེ་དང་། ཕྱག་བདེ་བ་ ༦༠༠ ཡོད་པ་དང་། གསོལ་ཇ་བཟོ་མཁན་གྲྭ་ཚང་རེ་རེ་ནས་མི་ ༡༢ བཅས་འདུག
དེ་བཞིན་བཞེས་བག་མཁན་ལས་མི་ ༣༠༠ བརྒལ་བ་ཞིག་འདུག ཉིན་རེར་སྔ་དྲོ་ཆུ་ཚོད་ ༦ དང་། ཆུ་ཚོད་ ༡༡། ཉིན་རྒྱབ་ཆུ་ཚོད་ ༢ བཅས་ལ་གསོལ་ཇ་དང་བཞེས་བག་ཐེངས་གསུམ་གཏོང་བཞིན་འདུག །