༢༠༡༧ ཟླ་ ༡ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༦ ཉིན་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ སྔོན་འགྲོའི་བཀའ་ཆོས་ཉིན་གཉིས་པའི་སྐབས་སྔ་དྲོའི་སྒྲུབ་བཞག་ཞལ་འདོན་གསུང་འདོན་གནང་གྲུབ་བསྟུན། ཆུ་ཚོད་ ༡༢ མ་ཟིན་ཙམ་ལ་༸གོང་ས་མཆོག་དབུ་བཞུགས་ཐོག་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་བླ་ཆེན། དེ་བཞིན་སྐུ་ཚབ་རྣམ་པ་ལྷན་འཛོམས་ཀྱིས་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་སྩལ་ཡོད།
དེ་ཡང་ཐོག་མར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་མཆོག་དང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ལས་རིམ་ངོ་སྤྲོད་ཞུས་དོན། དེ་རིང་འདིར་དུས་དབང་ཐེངས་ ༣༤ འཚོགས་བཞིན་པ་དང་བསྟུན། ཁ་སང་སིག་ Sikh གི་བླ་ཆེན་བཅུ་པ་གུ་རུ་གྷོ་བྷིན་སིངྒ་ Guru Govind Singh མཆོག་སྐུ་འཁྲུངས་ནས་མི་ལོ་ ༣༥༠ འཁོར་བའི་དྲན་རྟེན་སྲུང་བརྩིའི་ཆེད། བྷི་ཧཱར་མངའ་སྡེའི་རྒྱལ་ས་པ་ཊི་ནའི་ནང་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཡོད་པ་དང་། མཛད་སྒོར་རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་ཆེད་ཕེབས་གནང་འདུག
དེ་རིང་འདིར་ཁ་ཆེའི་ཆོས་དཔོན་གཙོ་བོར་གྱུར་བའི་ཆོས་ལུགས་སྣ་ཚོགས་ཀྱི་དབུ་ཁྲིད་ཁག་ལྷན་འཛོམས་གནང་ཡོད། ཅེས་ལྷན་འཛོམས་ངོ་སྤྲོད་གནང་གྲུབ་བསྟུན། ཐོག་མར་པན་ཇབ་ཨམྲིཏྶར་Amritsar གསེར་གྱི་ལྷ་ཁང་གི་གཙོ་འཛིན་དང་ Jathedar Akal Takht ཞེས་པའི་སིག་ཆོས་བརྒྱུད་ཀྱི་སྡེ་ཚན་གྱི་བླ་ཆེན་སྐུ་ཞབས་གུ་རུ་བྷ་ཅན་སིངྒ་ Giani Gurbachan Singh མཆོག་གིས་གསུང་བཤད་གནང་། དེ་ནས་ཁ་ཆེའི་ཆོས་དཔོན་མོ་ལ་ན་ཨ་སི་ནུར་རེ་མན་ Maulana Asinur Rehman མཆོག་གིས་སྨོན་ལམ་དང་སྦྲགས་གསུང་བཤད་གནང་རྗེས་གཅེར་བུ་བའི་ཆོས་དཔོན་ཨ་ཅརྱ་ལོ་ཀེཤ་མི་ནུ་ Acharya Lokesh Muni མཆོག་དང་ཧིན་དུའི་བླ་ཆེན་སྭ་མི་ཅིཏྣནྡ་སརསྭཏི་ Swami Chidanand Sarasvati མཆོག་སོགས་ཀྱིས་སྨོན་ལམ་དང་གསུང་བཤད་གནང་བསྟུན། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཁྱད་པར་ཅན་འདིར་ལོ་སྟོང་ཕྲག་གཉིས་རིང་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་མཁས་པ་དང་གྲུབ་པའི་དབང་ཕྱུག་མང་པོ་ཞིག་ཞབས་ཀྱིས་བཅགས་ཏེ་བྱིན་གྱི་རླབས་ཡོད། དེ་རིང་གནས་ཁྱད་པར་ཅན་འདིར་ཆོས་བརྒྱུད་གཙོ་ཆེ་ཁག་ཁ་ཤས་ཤིག་གི་དབུ་ཁྲིད་ཕེབས་ཡོད་པར་ངོས་རང་ཧ་ཅང་དགའ་པོ་བྱུང་།
ཁ་སེང་ངོས་རང་པ་ཊི་ནར་འབྱོར་སྐབས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཕྱི་ཚེས་ ༥ དང་ ༦ ཉིན་སིག་ཆོས་ལུགས་ཀྱི་བླ་ཆེན་བཅུ་པ་གུ་རུ་གྷོ་བྷིན་སིང་མཆོག་གི་འཁྲུངས་ཚེས་དུས་དྲན་འཁེལ་ཏེ་ལྷན་ཚོགས་ཤིག་ཚོགས་འདུག ཁོང་ཚོའི་མི་སྣ་ཁག་གཅིག་འདིར་གནས་མཆོག་རྡོ་རྗེ་གདན་དུ་ཡོང་རྒྱུ་རེད་ཅེས་གསུངས་སོང་། ངོས་ཀྱིས་དེར་དགའ་བསུ་ཡོད། ཅེས་ཞུས་པ་ཡིན། དེ་རིང་འདིར་མང་ཚོགས་འདུ་འཛོམས་ཐོག་སིག་དང་ཁ་ཆེ། གཅེར་བུ་བ། ཧིན་དུ་བཅས་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པས་གཅིག་གྱུར་ཐོག་བྱམས་བརྩེ་ཞེས་པ་དེ་གལ་ཆེན་པོ་ཡིན་པ་གསུངས་སོང་། འདི་ང་ཚོ་ཚང་མས་སེམས་ལ་འཇོག་དགོས་པ་ཞིག་རེད།
དེ་རིང་འདིར་ཆོས་བརྒྱུད་མི་འདྲ་བའི་དབུ་ཁྲིད་འཛོམས་ཏེ་ངོས་ཀྱིས་ཁྱེད་རང་ཚོའི་མདུན་དུ་ཞུ་རྒྱུར། ཆོས་ལུགས་མཐུན་སྒྲིལ་ཟེར་དུས་མཁས་པོ་དང་སྙན་པོ་མིན་པར་ཆོས་ལུགས་ཕན་ཚུན་དབར་ལྟ་གྲུབ་དང་གཞི་ལམ་སོགས་ཀྱི་རྣམ་གཞག་ཐོག་མི་འདྲ་བ་གང་ཡོད་པ་དེ་དག་གསལ་པོ་བཟོས། མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚང་མའི་གཙོ་བོ་བྱམས་བརྩེ་སོགས་ཀྱི་བསླབ་བྱ་དེ་དག་གཅིག་གྱུར་ཡིན་པ་དེ་ང་ཚོས་ངོས་འཛིན་གསལ་པོ་བྱས་ཏེ། ཁམས་དང་མོས་པ་མི་འདྲ་བ་ལ་ལངས་ཕྱོགས་མི་འདྲ་བ་དགོས་ཀྱི་ཡོད། ངོས་ཀྱིས་དུས་རྒྱུན་དུ་འདི་ལྟར་བཤད་ཀྱི་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་བསྟན་པ་སྤྱིའི་རྗེས་འབྲང་པ་ཡིན་ནའང་ནང་ཁུལ་དུ་བསམ་པ་རྒྱ་ཆེ་ཆུང་གི་སྒོ་ནས་ཉན་ཐོས་དང་། རང་རྒྱལ། བྱང་སེམས་ཀྱི་ཐེག་པ་གསུམ་དང་། མདོ་སྡེ་པ་དང་། བྱེ་བྲག་སྨྲ་བ། སེམས་ཙམ་པ། དབུ་མ་པ་ཞེས་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་བཞི་གསུང་བཞིན་ཡོད།
བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་གཅིག་པ་རེད། འོན་ཀྱང་ཁམས་དང་མོས་པ་མི་འདྲ་བ་ཡོད་སྟབས་ཐེག་པ་གསུམ་དང་ལྟ་གྲུབ་མི་འདྲ་བ་གྲུབ་མཐའ་བཞི་གསུང་བཞིན་ཡོད། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་བཅུ་ཡོད་པའི་ཁྲོད་ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན། ཆོས་བརྒྱུད་མི་འདྲ་བ་དགོས་ཀྱི་ཡོད། འོན་ཀྱང་ཆོས་ལུགས་ཚང་མས་མི་བཟང་པོ་དང་བྱམས་བརྩེ་ལྡན་པ་བྱེད་དགོས་པ་དང་། གཅིག་གིས་གཅིག་ལ་ཕན་གྲོགས་བྱེད་དགོས་པའི་བསླབ་བྱ་གཅིག་གྱུར་ཆགས་ཡོད། དེར་བརྟེན་ངོས་རང་མ་ཤི་བར་གསོན་པའི་རིང་ཆོས་ལུགས་མཐུན་སྒྲིལ་ཡོང་ཆེད་འབད་བརྩོན་བྱེད་ཀྱི་ཡིན། ཆོས་གྲོགས་རྣམ་པ་ཚོ་ཡིན་ནའང་ཕྱོགས་དང་མཚམས་གང་དུ་ཡོད་ཀྱང་དམིགས་ཡུལ་འདི་སྒྲུབ་པར་ད་བར་ཧུར་ཐག་གནང་བ་བཞིན་ད་དུང་མུ་མཐུད་ཧུར་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན།
འཕགས་པའི་ཡུལ་འདིར་ལོ་སྟོང་ཕྲག་གསུམ་ལྷག་ནས་རྒྱ་གར་རང་གི་ནང་ལྟ་གྲུབ་མི་འདྲ་བའི་ཆོས་བརྒྱུད་མང་པོ་ཞིག་བྱུང་ཡོད། རིམ་པས་རྒྱ་གར་གྱི་ཕྱི་ལོག་ནས་ཛོ་ར་ཛུ་དིན་ Zoroastrian དང་། ཇིའུ། Jew ཡེ་ཤུ། Christian ཁ་ཆེའི་ Islam ཆོས་བཅས་རྒྱ་གར་ནང་སླེབས་ཡོད། དེང་འཛམ་གླིང་འདིའི་སྟེང་ལྟ་སྐབས་རྒྱ་གར་ནི་ཆོས་ལུགས་གཙོ་ཆེ་བ་ཚང་མ་ཡོད་པའི་ལུང་པ་ཞིག་ཆགས་ཡོད། འོན་ཀྱང་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་ཡོང་བཞིན་ཡོད། རྙོག་གྲ་ཕྲན་བུ་ཡོང་སྲིད་པ་རེད། མི་དུང་ཕྱུར་བཅུ་ལྷག་ཡོད་པའི་ལུང་པའི་ནང་། ནང་པའི་ཆོས་སྐད་ལ་བཤད་ན་རྒྱ་གར་གྱི་མི་ཚང་མ་བྱང་ཆུབ་སེམས་པ་མིན་པ་དང་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་ཡོད་པ་གཅིག་པ་རེད།
རྙོག་གྲ་ཕྲན་བུ་བཟོ་མཁན་ཡོང་གི་རེད། སྤྱི་ཡོངས་ཀྱི་ཐོག་ནས་བཤད་ན་རྒྱ་གར་ནི་འཛམ་གླིང་འདིའི་སྟེང་རྒྱལ་ཁབ་ཁག་ ༢༠༠ ཙམ་ཡོད་པའི་ནང་། ཆོས་བརྒྱུད་ཚང་མ་འཆམ་མཐུན་ཐོག་མཉམ་གནས་བྱས་ཏེ་བསྡད་ཡོད། དེ་ཡང་ཆབ་སྲིད་ཀྱི་དགོས་མཁོར་མིན་པར་ལོ་སྟོང་ཕྲག་གཉིས་གསུམ་རིང་ལྟ་གྲུབ་མི་འདྲ་བའི་ཆོས་བརྒྱུད་འདྲ་མིན་མཉམ་སྡོད་བྱེད་བཞིན་པ་ནི་འཛམ་གླིང་འདིའི་སྟེང་ཁྱད་དུ་འཕགས་པ་ཞིག་རེད་བསམ་དྲན་གྱི་འདུག
ཕྱོགས་གཅིག་ནས་རྒྱ་གར་ནང་ད་དུང་མུ་མཐུད་ནས་ཆོས་བརྒྱུད་འདྲ་མིན་དབར་མཛའ་མཐུན་ཡོད་པ་དེ་མུ་མཐུད་ནས་སྲ་བརྟན་ཡོང་ཆེད་དང་། འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་བྱེད་དགོས། དེར་བརྟེན་རྣམ་པ་ཚོ་ཚང་མས་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་བཅུ་ལྷག་ཡོད་པ་དེ་དག་ལ་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་གཅིག་ནི། ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ཚང་མས་དེ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ།
དེ་རྗེས་པན་ཇབ་གྲོས་ཚོགས་འཐུས་མི་ཇག་ཇིཏ་སིངྒ་མཆོག་གིས་སིག་ཆོས་ལུགས་ཀྱི་བླ་ཆེན་བཅུ་པ་གུ་རུ་གྷོ་བྷིན་སིངྒ་མཆོག་སྐུ་འཁྲུངས་ནས་ལོ་ ༣༥༠ འཁོར་བའི་དྲན་རྟེན་ཆེད་དངུལ་གྱི་ཊམ་ཀ་ཞིག་འབུལ་ལམ་ཞུས་ཡོད། མཐར་མགོན་པོ་གང་ཉིད་མཆོག་གིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་བླ་ཆེན། དེ་བཞིན་སྐུ་ཚབ་རྣམ་པར་མཇལ་དར་རེ་གསོལ་སྩལ་མཛད་རྗེས་སྔོན་འགྲོའི་བཀའ་ཆོས་འཕྲོ་སྐྱོང་མཛད་ཡོད་པ་བཅས།།